བཀྲིས་ཕུན་ཚོགས།
༉ འབྲུག་གི་རྩེད་འགྲན་སྦོམ་ཤོས་དང་ སྤྲོ་བ་ཅན་ཅིག་ཨིན་མི་ འབྲུག་དངུལ་ཁང་ པིར་མི་ཡར་ཕུཊ་བཱོལ་ལིག་སྐོར་ཐེངས་དང་པའི་རྩེད་འགྲན་དེ་ སྤྱི་ཟླ་༥ པའི་ཚེས་༡༡ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༣ ལུ་ དྲག་ཤོས་ཐོན་མི་ སྤ་རོ་ཨེཕ་སི་གིས་ སྐུགས་༧ ཐོབ་སྟེ་ གནས་རིམ་དང་པ་སྦེ་ འགོ་ཁྲིད་འབདཝ་ཨིན་པས།
སྤྱི་ལོ་༢༠༢༤ གི་ བི་ཨོ་བི་ ཕུཊ༌བཱོལ་འགྲན་བསྡུར་དེ་ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ རྩི་རང་རྫོང་ཁག་གི་ ཕུཊ༌བཱོལ་རྩེད་ཐང་ནང་ ཊཱནསི་པོཊ་ཡུ་ནའེ་ཊེཊ་དང་ རྩི་རང་ཨེཕ་སི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ རྩི་རང་ཨེཕ་སི་གིས་ གཱོལ་༡ ལས་བརྒལ་བཙུགས་མ་ཚུགས་རུང་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༢ བཙུགས་ཏེ་རྒྱལ་ཁ་ཐོབ་ནུག།
སྤྱི་ཟླ་༥ པའི་ཚེས་༡༢ ལུ་ སྤ་རོ་ཨེཕ་སི་གིས་ དར་དཀར་ཡུ་ནའེ་ཊེཊ༌སྡེ་ཚན་ལུ་ གཱོལ་༦ བཙུགས་ཏེ་ རྒྱལ་ཁ་ལེནམ་ད་ དར་དཀར་ཡུ་ནའེ་ཊེཊ་གིས་ གཱོལ་༡ བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༡༣ ལུ་ བསྟན་སྲུང་ཨེཕ་སི་དང་ ཐིམ་ཕུག་སི་ཊི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཐིམ་ཕུག་སི་ཊི་གིས་ གཱོལ་༣ བཙུགས་ཏེ་ཕམ་བཏངམ་ད་ བསྟན་སྲུང་གིས་ གཱོལ་༡ བཙུགས་ཡོདཔ་ད་ བསམ་རྩེ་དང་ ཨར་ཊི་སི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ གཱོལ་༢ འདྲན་འདྲ་བཙུགས་ཏེ་ རྒྱལ་ཕམ་ཕྱེ་མ་ཚུགས་རུང་ སྡེ་ཚན་༢ ཆ་ར་ལུ་ སྐུགས་རེ་ཐོབ་ནུག།
ཕུན་ཚོགས་གླིང་ཧི་རོ་དང་ སྐྱེས་ལོ་༡༩ མན་ཆད་འབད་མི་ འབྲུག་ཕུཊ་བཱོལ་སྡེ་ཚན་༢ རྩེད་འགྲན་འབདཝ་ད་ ཕུན་ཚོགས་གླིང་ཧི་རོ་གིས་ གཱོལ་༢ དང་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡ བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༡༨ ལུ་ སྤ་རོ་ཨེཕ་སི་གི་ཕུཊ༌བཱོལ་རྩེད་ཐང་ནང་ ཊཱནསི་པོཊ་ཡུ་ནའེ་ཊེཊ་དང་ སྤ་རོ་ཨེཕ་སི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ གཱོལ་༢ འདྲན་འདྲ་བཙུགས་ཏེ་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ཨིན་པས།
བྷུ་ཊཱན་ཡུ་༡༩ གིས་ བསམ་རྩེ་ཨེཕ་སྡེ་ཚན་ལུ་ གཱོལ་༡ བཙུགས་ཏེ་ རྒྱལ་ཁ་ཐོབ་རུང་ ཐིམ་ཕུག་སི་ཊི་གིས་ གཱོལ་༥ བཙུགས་ཏེ་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ ཕམ་བཏངམ་ད་ གཱོལ་ཕུད་རྡོག་ཅིག་ཡང་བཙུགས་མ་ཚུགསཔ་ཨིན་པས།
དེ་འབདཝ་ད་ བསམ་རྩེ་གིས་ རྩི་རང་ཨེཕ་སི་ལས་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་ད་ གཞན་མི་སྡེ་ཚན་གྱིས་ གཱོལ་༢ བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༥ པའི་ཚེས་༢༨ ལུ་ སྤ་རོ་ཨེཕ་སི་དང་དོ་འགྲན་འབདཝ་ད་ རྩི་རང་ཨེཕ་སི་གིས་ རྒྱལ་ཁ་ཐོབ་མ་ཚུགས་རུང་ སྤ་རོ་ཨེཕ་སི་སྡེ་ཚན་ལུ་ གཱོལ་༢ ལས་བརྒལ་བཙུགས་ནིའི་གོ་སྐབས་ཐོབ་མ་ཚུགསཔ་ཨིན་པས།
དར་དཀར་ཡུ་ནའེ་ཊེཊ་ཨེཕ་སི་དེ་ བསྟན་སྲུང་གིས་ གཱོལ་༤ བཙུགས་ཏེ་ ཕམ་བཏང་ཡོདཔ་ད་ དར་དཀར་ཡུ་ནའེ་ཊེཊ་གིས་ རྩེད་འགྲན་ཚར་༢ འབདཝ་ད་ བྱེལཝ་བྱེལ་སར་ཕམ་སོཔ་ཨིན་པས།
ཨར་ཊི་སི་ཨེཕ་སི་སྡེ་ཚན་གྱིས་ སྡེ་ཚན་༣ དང་གཅིག་ཁར་ རྩེད་འགྲན་འབདཝ་ད་ བསམ་རྩེ་དང་ ཊཱནསི་པོཊ་ཡུ་ནའེ་ཊེཊ་སྡེ་ཚན་༢ དང་གཅིག་ཁར་ རྒྱལ་ཕམ་ཕྱེ་མ་ཚུགསཔ་སྦེ་ དོ་འགྲན་འབད་རུང་ བྷུ་ཊཱན་ཡུ་༡༩ ལུ་ གཱོལ་༡ སྦེ་ཕམ་སོཔ་ཨིན་པས།
ད་རིས་ ཐིམ་ཕུག་ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་ནང་ ཐིམ་ཕུག་སི་ཊི་གིས་ དར་དཀར་ཡུ་ནའེ་ཊེཊ་ལས་ རྒྱལ་ཁ་འཐོབ་པ་ཅིན་ སྐུགས་༩ འཐོབ་སྟེ་ གནས་རིམ་དང་པ་སྦེ་ འགོ་ཁྲིད་འབད་ནིའི་གོ་སྐབས་འཐོབ་ནི་དང་ གལ་སྲིད་ དར་དཀར་ཡུ་ནའེ་ཊེཊ་གིས་ རྒྱལ་ཁ་འཐོབ་ནི་དང་ ཡང་ཅིན་ རྒྱལ་ཕམ་ཕྱེ་མ་ཚུགསཔ་སྦེ་ ལུས་སོང་པ་ཅིན་ སྐུགས་འཐོབ་ནིའི་གོ་སྐབས་ཡོདཔ་ཨིན་པས།
དེ་ཡང་ ད་ལྟོ་ཚུན་ རྩེད་འགྲན་ཚར་༢ འབདཝ་ད་ སྤ་རོ་ཨེཕ་སི་གིས་ གཱོལ་༦ དང་ བསྟན་སྲུང་ཨེཕ་སི་གིས་ གཱོལ་༤ བཙུགས་ཏེ་ བསྡོམས་ཀྱིས་ གཱོལ་༡༠ བཙུགས་ཡོདཔ་བཞིན་དུ་ དར་དཀར་ཡུ་ནའེ་ཊེཊ་གིས་ གཱོལ་ཕུད་རྡོག་༡ ལས་བརྒལ་བཙུགས་མ་ཚུགསཔ་ཨིན་པས།
ཕུན་ཚོགས་གླིང་ཨེཕ་སི་གིས་ བྷུ་ཊཱན་ཡུ་༡༩ ལས་ རྒྱལ་ཁ་ཐོབ་ཡོདཔ་ལས་ སྤྱི་ཟླ་༦ པའི་ཚེས་༢ ལུ་ ཕུན་ཚོགས་གླིང་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ བསྟན་སྲུང་ཨེཕ་སི་དང་གཅིག་ཁར་ དོ་འགྲན་འབད་ནི་དང་ སྤྱི་ཟླ་༦ པའི་ཚེས་༢ ལུ་ བསམ་རྩེ་གིས་ བྷུ་ཊཱན་ཡུ་༡༩ དང་གཅིག་ཁར་ བསམ་རྩེ་ཕུཊ༌བཱོལ་རྩེད་ཐང་ནང་ རྩེད་འགྲན་འབད་ནི་ཨིན་པས།
སྤྱི་ལོ་༢༠༢༤ བི་ཨོ་བི་པིར་མི་ཡར་ལིག་ ཕུཊ༌བཱོལ་རྩེད་འགྲན་ནང་ སྡེ་ཚན་༡༠ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ བསམ་རྩེ་དང་ རྩི་རང་ དར་དཀར་ཡུ་ནའེ་ཊེཊ་སྡེ་ཚན་༣ གསརཔ་སྦེ་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

Advertisement