༉ འབྲུག་གི་ ཕྱོགས་ལྟེ་བའི་ནང་ སྐྱ་ནམ་གྱི་གོང་ཚད་ཡར་སེང་ འཕྲོ་མཐུད་དེ་ར་ འགྱོ་དོ་ཡོདཔ་སྦེ་ཨིན་པས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ འཕྲལ་ཁམས་ཀྱི་ གནས་ཐོའི་ནང་ གསལ་བཀོད་འབད་དོ་བཟུམ་འབད་བ་ཅིན་ ཟླཝ་ལས་བཅད་དེ་ ལུང་ཕྱོགས་ཀྱི་ སྐྱ་ནམ་གོང་ཚད་ཚུ་ ཡར་སེང་འགྱོ་དོ་ཡོད་པའི་ བརྡ་མཚོན་སྟོནམ་དང་འབྲེལ་ སྤྱི་ཟླ་༧ པའི་ནང་ སྐྱ་ནམ་གོང་ཚད་བརྒྱ་ཆ་༢.༢༧ ཡར་སེང་སོང་ཡོདཔ་སྦེ་ རྒྱལ་ཡོངས་རྩིས་དཔྱད་ནང་ཐོན་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ནང་ ཨོམ་ཤོག་སྒམ་ཅིག་ལུ་ གོང་ཚད་དངུལ་ཀྲམ་༡༠༠ འབད་མི་དེ་ སྤྱི་ཟླ་༧ པའི་ནང་ དངུལ་ཀྲམ་༡༠༢.༢ ལུ་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
ལྟེ་བའི་ལུང་ཕྱོགས་ཀྱི་གྲངས་སུ་ བུམ་ཐང་དང་ དར་དཀར་ནང་ གསར་སྤང་ གཞལམ་སྒང་ ཀྲོང་གསར་ དེ་ལས་ རྩི་རང་ཚུ་ ཚུད་དོ་ཡོདཔ་ད་ རྫོང་ཁག་དེ་ཚུ་ནང་ བཟའ་ཆས་དང་ བཟའ་ཆས་མིན་པའི་ཅ་ཆས་གཉིས་ཆ་རའི་ གོང་ཚད་ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
བཟའ་ཆས་ཀྱི་གོང་ཚད་དེ་ བརྒྱ་ཆ་༣.༢༨ ལུ་ ཡར་སེང་སོང་ཡོདཔ་ད་ བསིལ་ཆུ་དང་ བཟའ་འཐུང་གི་རིགས་ཚུ་ གོང་ཚད་བརྒྱ་ཆ་༣.༥༧ ལུ་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
བཟའ་འཐུང་མེན་པའི་མཁོ་ཆས་ཚུ་ གོང་ཚད་བརྒྱ་ཆ་༡.༢༩ ཡར་སེང་དང་ དེ་ཡང་ འདས་པའི་ཟླཝ་དང་ཕྱདཔ་ད་ བརྒྱ་ཆ་༠.༩༨ ཡར་སེང་སོང་ཡོདཔ་སྦེ་ཨིནམ་ད་ གོ་ལ་དང་ ལྷམ་གྱི་རིགས་ཚུ་ བརྒྱ་ཆ་༣.༣ ལུ་ཡར་སེང་སོང་བའི་ཁར་ སྐྱེལ་འདྲེན་གླ་ཆ་བརྒྱ་ཆ་༣ དང་ ལམ་སྲོལ་གྱི་རིགས་ཚུ་ནང་བརྒྱ་ཆ་༠.༨༡ ཟ་ཁང་དང་ ཉལ་ཁང་ཚུ་ བརྒྱ་ཆ་༠.༥༣ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
ནུབ་ཕྱོགས་ལུང་ཕྱོགས་ནང་འབད་བ་ཅིན་ ཟླཝ་དང་ ཟླཝ་གི་བར་ན་ལུ་ སྐྱ་ནམ་གོང་ཚད་བརྒྱ་ཆ་༡.༤༢ སྤྱི་ཟླ་༧ པའི་ནང་ ཡར་སེང་སོང་ཡོདཔ་ད་ ལུང་ཕྱོགས་དེ་ནང་ རྫོང་ཁག་༧ ཡོད་མི་ཚུ་ཡང་ མགར་ས་ སྤུ་ན་ཁ་ ཐིམ་ཕུག་ དབང་འདུས་ ཧཱ་ སྤ་རོ་ བསམ་རྩེ་ དེ་ལས་ ཆུ་ཁ་ཚུ་ཡོདཔ་ཨིན་པས།
ས་གནས་ཚུ་ནང་ བཟའ་འཐུང་དང་ དེ་མིན་པའི་ཅ་ཆས་ཀྱི་རིགས་ཚུ་ གོང་ཚད་བརྒྱ་ཆ་༡.༤༢ ཡར་སེང་སོང་བའི་ཁར་ བཟའ་འཐུང་གི་རིགས་མིན་པའི་ ཅ་ཆས་ཚུ་གོང་ཚད་བརྒྱ་ཆ་༢.༤༣ ཡར་སེང་སོང་མི་ཚུ་ འདས་པའི་ཟླཝ་དང་ཕྱདཔ་ད་ ཁྱད་པར་ཞུགས་ཡོད་མི་ལུ་བརྟེན་ཨིན་པས།
བཟའ་འཐུང་གི་རིགས་ཚུ་ གོང་ཚད་བརྒྱ་ཆ་༡.༥ ལུ་ཡར་སེང་དང་ བཞེས་སྒོ་དང་བསིལ་ཆུ་ཚུ་ བརྒྱ་ཆ་༠.༤༣ ཡར་སེང་སོང་ཡོདཔ་ཨིན་པས།
བཟའ་འཐུང་མིན་པའི་མཁོ་ཆས་ཚུ་ སྐྱེལ་འདྲེན་གླ་ཆ་ བརྒྱ་ཆ་༢.༡༥ ལུ་ཡར་སེང་དང་ གོ་ལ་དང་ལྷམ་ཚུ་བརྒྱ་ཆ་༣.༠༩ དེ་ལས་ ཁང་ཆས་ ནང་ཆས་ ཁྱིམ་རྒྱུན་སྐྱོང་ལཱ་སོགས་པ་ཚུ་ བརྒྱ་ཆ་༢.༣༠ ལུ་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
ཤར་ཕྱོགས་ལུང་ཕྱོགས་ནང་ སྐྱ་ནམ་གོང་ཚད་བརྒྱ་ཆ་༡.༣༢ ལུ་ཡར་སེང་དང་ བཟའ་འཐུང་གི་རིགས་ཚུ་ བརྒྱ་ཆ་༡.༥༡ དང་ བཞེས་སྒོ་མིན་པའི་རིགས་ཚུ་བརྒྱ་ཆ་༡.༠༩ ལུ་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
སྐྱ་ནམ་གྱི་གོང་ཚད་ཡར་སེང་སོང་མི་ལས་ མཐོ་ཤོས་ར་ བཟའ་འཐུང་དང་ བསིལ་ཆུ་ཚུ་ བརྒྱ་ཆ་༡.༦༣ ལུ་ ཡར་སེང་སོང་མི་དེ་ཨིན་པས།
སྤྱིར་བཏང་ལུ་འབདཝ་ད་ ན་ཧིང་ སྤྱི་ཟླ་༧ པ་ལས་ དུས་ཅི་ སྤྱི་ཟླ་༧ པའི་ནང་འཁོད་ལུ་ ལོ་བསྟར་གྱི་ སྐྱ་ནམ་གོང་ཚད་ཡར་སེང་སོང་མི་དེ་ བརྒྱ་ཆ་༢.༠༤ ཨིནམ་བཞིན་དུ་ བཟའ་འཐུང་གི་རིགས་ཚུ་བརྒྱ་ཆ་༢.༢༧ དེ་ལས་ བཟའ་འཐུང་མིན་པའི་རིགས་ བརྒྱ་ཆ་༡.༧༢ ལུ་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
དངུལ་ཀྲམ་གྱི་ཐོག་ དངུལ་གྱི་ནུས་ཤུགས་རྩིས་བཀོད་འབད་དེ་ ཞིབ་དཔྱད་འབདཝ་ད་ སྤྱི་ལོ་༢༠༢༤ ཟླ་༧ པའི་ནང་ ཅ་ཆས་དངུལ་ཀྲམ་༡༠༠ འབད་མི་དེ་ སྤྱི་ལོ་༢༠༡༢ ལུ་ དངུལ་ཀྲམ་༥༦.༥ སྦེ་ གནས་བཞིན་དུ་འདུག་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement