༉ འབྲུག་གི་སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་ཀྱི་འཕྲི་སྣོན་དཔྱད་ཡིག་༢༠༢༤ ཅན་མའི་ནང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལུ་ ཁེ་འཐུས་ལྷན་ཐབས་དང་ ཡིག་ཚང་ལེགས་ཤོམ་ ཅ་ཆས་ཀྱི་འཐུས་ ཡིག་ཚང་འཛུལ་བཞུགས་ཟད་འགྲོ་ དེ་ལས་ ཚེ་འདས་རྒྱབ་སྐྱོར་བརྩིས་ཏེ་ མཐུན་རྐྱེན་ལེགས་ཤོམ་གྱི་ རྒྱབ་སྐྱོར་འབད་དགོ་པའི་ གྲོས་འཆར་ཚུ་ ཡོདཔ་ཨིན་པས།
དཔྱད་ཡིག་དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༡༦ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ ངོ་སྤྲོད་འབད་ཡོདཔ་ད་ འབྲུག་གི་སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་ཀྱི་བཅའ་ཁྲིམས་༢༠༠༨ དེ་ སྤྱི་ལོ་༢༠༡༤ ལུ་ འཕྲི་སྣོན་འབད་དེ་ བཅའ་ཁྲིམས་དེ་གི་ དོན་ཚན་དང་ བདེ་སྒྲིག་འབད་ཡོདཔ་ཨིན་པས།
དཔྱད་ཡིག་གི་ གྲོས་འཆར་གཙོ་བོ་གཅིག་དེ་ སྤྱི་ཚོགས་ཀྱི་འཐུས་མི་ཅིག་ལུ་ རང་དབང་ཅན་དང་ མཁོ་ཆས་ཚང་བའི་ ཡིག་ཚང་གི་ ཁང་མིག་འོས་ལྡན་རེ་ སྤྲོད་དགོཔ་ཨིན་པས།
སྤྱི་ཚོགས་ཀྱི་ འཐུས་མི་ཅིག་གིས་ གཞུང་དོན་གྱི་མཁོ་ཆས་ ལེབ་ཊོབ་དང་ ཨའི་པེཌི་ དེ་ལས་ པར་སྐྲུན་འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ ཐེངས་གཅིག་གི་ སྟབས་ཅིག་ལག་སྤྲོད་ཀྱི་ དངུལ་འཐོབ་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ དཔྱད་ཡིག་ནང་ གལ་སྲིད་ སྤྱི་ཚོགས་ཀྱི་འཐུས་མི་ཅིག་ གནས་ཡུན་གྱི་རིང་ ཚེ་ལས་འདས་སོ་པ་ཅིན་ ཨམ་སུ་དང་ ཡང་ཅིན་ ཐོབ་ཅན་གྱི་ཉེ་ཚན་ལུ་ ཟླ་ངོ་ ༣ གྱི་ དངུལ་ཕོགས་ཐོབ་ལམ་བྱིན་དགོ་པའི་ གྲོས་འཆར་བཙུགས་ཏེ་ ཡོདཔ་ཨིན་པས།
དཔྱད་ཡིག་ནང་ དོན་ཚན་གཞན་གསརཔ་གཅིག་ སྤྱི་ཚོགས་ཀྱི་འཐུས་མི་ཅིག་གི་ ཐེངས་གཅིག་གི་འཛུལ་འཐུས་ཐོབ་ཐངས་ཡོདཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
དཔྱད་ཡིག་ངོ་སྤྲོད་འབདཝ་ད་འབྲེལ་ ཁྲིམས་བཟོའི་ཚོགས་ཆུང་གི་ཁྲི་འཛིན་ ཉི་ཤོ་-སྲས་ཕུག་གི་འཐུས་མི་ ཀུན་དགའ་གིས་ ཞུ་མིའི་ནང་ འཕྲི་སྣོན་དེ་ཡང་ འབྲུག་གི་སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་སྒྲིང་སྒྲི་དང་ འབྲུག་གི་དམངས་གཙོའི་གཙུག་སྡེ་དེ་ ལེགས་ཤོམ་སྦེ་ འཛིན་སྐྱོང་ངེས་བརྟན་བཟོ་ཐབས་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
ཁོ་གིས་ ཁྲིམས་བཟོའི་གཙུག་སྡེ་གི་ ལཱ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ དྭངས་གསལ་ཅན་གྱི་ ཁྲིམས་དོན་གཞི་བཀོད་སྒྲིང་སྒྲི་ཅིག་ དགོཔ་ཡོདཔ་ད་ འབྲུག་གི་དངུལ་ཕོགས་གཞི་སྒྱུར་བཅའ་ཁྲིམས་༢༠༢༢ ཅན་མ་དང་ འབྲུག་གི་དངུལ་ཕོགས་བསྐྱར་བཟོའི་བཅའ་ཁྲིམས་༢༠༢༣ ཅན་མ་གཉིས་ཆ་ར་ སྤྱི་ཚོགས་༣ པའི་ནང་ འཕྲི་སྣོན་འབད་མི་དེ་ འབྲུག་གི་སྤྱི་ཚོགས་ཀྱི་འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་༢༠༠༨ ཅན་མ་དང་ གཅིག་མཚུངས་མ་འགྱོ་བས་ཟེར་ཞུ་ཡི།
ཀུན་དགའ་གིས་ ཞུ་མིའི་ནང་ བཅའ་ཁྲིམས་༢ ཆ་ར་ རང་སོའི་ཁྲིམས་བཟོའི་ ནང་དོན་དང་འཁྲིལ་ཏེ་ འཕྲི་སྣོན་འབད་ཡོདཔ་ལས་ དེ་གིས་ འབྲུག་གི་སྤྱི་ཚོགས་ཀྱི་འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་གྱི་ དོན་ཚན་ཚུ་ ཆ་མེད་མ་འགྱོ་བའི་ཟེར་ཨིན་པས།
བཅའ་ཁྲིམས་འདི་ སྤྱི་ཚོགས་ཀྱི་འཐུས་མི་ཆ་མཉམ་ལུ་ སྦྱོར་འཇུག་ཡོདཔ་ད་ བཅའ་ཁྲིམས་འདི་དང་མ་མཐུན་པའི་ཁྲིམས་ འབྲུག་གི་དངུལ་ཕོགས་གཞི་སྒྱུར་བཅའ་ཁྲིམས་༢༠༢༢ ཅན་མ་དང་ འབྲུག་གི་དངུལ་ཕོགས་བསྐྱར་བཟོའི་བཅའ་ཁྲིམས་༢༠༢༣ ཅན་མ་གཉིས་ནང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གི་ཐོབ་ཐངས་དང་འབྲེལ་བའི་དོན་ཚན་ཚུ་ ཆ་མེད་བཏངམ་ཨིན་པས།
འཐུས་མི་གི་ ཀུན་དགའ་གིས་ ཞུ་མིའི་ནང་ འཐུས་མི་ཚུ་གི་ འགན་ཁྲི་ལྷན་ཐབས་ལུ་ སྤྱི་ཚོགས་ཀྱི་འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་༢༠༠༨ དང་ དངུལ་བཅའ་ཁྲིམས་༢ ཀྱི་བར་ནའི་ གཅིག་མཚུངས་མེད་མི་ཚུ་ ལེགས་བཅོས་འབད་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ འགན་ཁྲི་སྦོམ་ཡོདཔ་ལས་ མཐུན་རྐྱེན་ཚུ་ ལེགས་ཤོམ་བྱིན་དགོ་པའི་ཁར་ འཐུས་མི་ལ་ལོ་ཅིག་ སྲིད་དོན་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ གཞུང་གཡོག་ནང་ ཆེ་མཐོའི་འགོ་དཔོན་སྦེ་ ཕྱག་ཞུ་མི་ཡང་ ཡོད་ཟེར་ཞུ་ཡི།
ཀུན་དགའ་གིས་ ཞུ་མིའི་ནང་ ལོ་༥ གི་ཧེ་མ་ མཁོ་སྒྲུབ་འབད་མི་ ཨའེ་པེཌི་ཚུ་ རྙིངམ་ཐལ་ཏེ་ ལཱ་འབད་མ་བཏུབ་ ཡར་སོ་ནུག་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ བསྐྱར་ཞིབ་ཀྱི་དོན་ལུ་ ཁྲིམས་བཟོའི་ཚོགས་ཆུང་ལུ་ བྱིན་ཡོདཔ་བཞིན་དུ་ ལྷག་ཐེངས་༣ པའི་ གསུང་གྲོས་དེ་ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ གནང་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།