༉ ཐིམ་ཕུག་ལུ་ སྤྱི་ལོ་༢༠༢༠ དང་༢༠༢༣ གྱི་བར་ན་ འབྲུག་པའི་ཡིག་བཟོ་མཁན་༣༠ གིས་ ཡིག་ཐོག་བཀོད་མི་ འབྲུག་གི་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ་ འཛམ་གླིང་ནང་གི་ ཆོས་སྡེ་ལྟེ་བ་ཚུ་ལུ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
པོ་ཏི་༣༡ འབད་མི་ འབྲུག་གི་ཀློང་ཆེན་རབ་འབྱངས་ཀྱི་གསུང་འབུམ་ རྒྱལ་སྤྱིའི་ནང་ བཀྲམ་སྤེལ་འབད་ནི་དེ་ སྤྱི་ཟླ་༡༢ པའི་ཚེས་༡ ལས་༣༡ ཚུན་ འགོ་འདྲེན་འཐབ་ནི་ཨིན་པས།
ད་ལྟོ་ཚུན་ཚོད་ གསུང་འབུམ་དེ་ ཡུ་ཨེསི་ཨེ་དང་ བ་ར་ཟིལ་ ཕ་རཱནསི་ ནིའུ་ཟི་ལེནཌི་ མེག་སི་ཀོ་ རྒྱ་ནག་ ནེ་པཱལ་ དེ་ལས་ ཏའེ་ཝཱན་ཚུ་ནང་ བཀྲམ་སྤེལ་འབད་ཚར་ཡོདཔ་ཨིན་པས།
འབྲུག་ལུ་འབད་བ་ཅིན་ གསུང་འབུམ་དེ་ ཆོས་སྡེ་ལྷན་ཚོགས་འོག་ལུ་ཡོད་པའི་ ཆོས་ཀྱི་གཙུག་སྡེ་ ཆོས་སྡེ་དང་ སྒྲུབ་སྡེ་ བཤད་གྲྭ་ དེ་ལས་ གྲྭ་ཚང་ག་རའི་ནང་ བཀྲམ་སྤེལ་འབད་ནི་ཨིན་པས།
ཡིག་ཐོག་བཀོད་མི་ གསུང་འབུམ་ག་ར་ འབྲུག་པའི་མཁས་མཆོག་༡༢༧ གིས་ ཞུན་དག་རྐྱབ་ཡོདཔ་ད་ ད་རེས་ འཛམ་གླིང་ནང་ འབྲུག་ལས་ དེ་བཟུམ་མའི་ གསུང་འབུམ་བཀྲམ་སྤེལ་འབད་མི་དེ་ འགོ་དང་པ་ཨིན་པས།
འབྲུག་མི་ཚུ་དང་ ཀློང་ཆེན་རབ་འབྱམས་ཀྱི་བར་ན་ རྩ་ཆེ་བའི་མཐུན་ལམ་ཡོད་རུང་ ཧེ་མ་ལས་ ག་གིས་ཡང་ ཁོ་གི་ཕྱག་ལཱ་ཚུ་ གནས་ཚད་དེ་ཁར་ གུས་བཏུད་ཞུ་མ་ཚུགསཔ་ཨིན་པས།
ཡི་གུ་ཚུ་ རིན་ཆེན་གསེར་དང་ དངུལ་ གཡུ་བྱུ་རུ་ལ་སོགས་པ་ཚུ་གིས་ བྲིས་ཡོདཔ་ཨིན་པས།
ལས་འགུལ་སྡེ་ཚན་གྱིས་ ཀློང་ཆེན་ཁོ་རའི་ བྱིན་རླབས་ཅན་གྱི་ རུ་ཏོ་མཁོ་སྒྲུབ་འབད་ཐོག་ལས་ འབྲི་ནིའི་དོན་ལུ་ སྣག་རྩི་ནང་བླུགས་ཡོད་མི་དེ་ཡང་ ཡི་གུ་རེ་གིས་ ཀློང་ཆེན་གྱི་ བྱིན་རླབས་ཅན་གྱི་ སྐུ་གསུང་ཐུགས་ཀྱི་ བརྡ་མཚོན་སྟོནམ་ཨིན་པས།
གསུང་འབུམ་དེ་ འབྲུག་ལུ་ གསར་བཞེངས་དང་ པར་སྐྲུན་འབད་མི་དེ་ཡང་ རྫོགས་ཆེན་གྱི་ཆོས་ཚུ་ ཡུན་བརྟན་གནས་ཐབས་དང་ རྒྱལ་ཁབ་ནང་ རྩོམ་རིག་གི་སྒྱུ་རྩལ་ཚུ་ དར་ཁྱབ་དང་ ཉམས་སྲུང་འབད་ཐབས་ལུ་ཨིན་པས།
རྩ་ཆེ་བའི་ ལས་འགུལ་དེ་ བླམ་སྦོམ་ལེ་ཤ་ཅིག་གིས་ བྱིན་རླབས་ཅན་གྱི་ དངོས་སྒྲུབ་ཚུ་ཞུ་སྟེ་ཡོདཔ་ཨིན་པས།
འབྲུག་མི་ཚུ་གིས་ ལས་འགུལ་དེ་ལུ་ ཀློང་ཆེན་པ་གིས་ སངས་རྒྱས་ཀྱི་ཆོས་དང་ འབྲུག་པའི་ལམ་སྲོལ་ ཉམས་སྲུང་དང་ དར་ཁྱབ་གཏང་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོད་མི་ལུ་ གུས་བཏུད་ཞུ་ནིའི་ གོ་སྐབས་ཅིག་སྦེ་ བརྩི་འཇོག་འབད་དོ་ཡོདཔ་ཨིན་པས།
ཀློང་ཆེན་གསུང་རབ་གསར་བཞེངས་ཀྱི་ ལས་འགུལ་མདོ་ཆེན་ མཁན་པོ་ཕུན་ཚོགས་བཀྲིས་ཀྱིས་ སླབ་མིའི་ནང་ འཛམ་གླིང་ནང་ ཆོས་ཀྱི་ལྟེ་བ་ཚུ་གིས་ བྱིན་རླབས་ཅན་གྱི་ འབྲུག་གི་ཀློང་ཆེན་རབ་འབྱམས་ཀྱི་ གསུང་འབུམ་ཚུ་ འཐོབ་ཚུགས་ཟེར་ཨིན་པས།
མཁན་པོ་གིས་འབད་བ་ཅིན་ པོ་ཏི་༣༡ འབད་མི་ ཀློང་ཆེན་པའི་གསུང་འབུམ་དེ་ལུ་ མི་ཚེ་གཅིག་གི་ ནང་འཁོད་ལུ་ སངས་རྒྱས་འཐོབ་ཚུགས་པའི་ ནུས་པ་ཡོད་པའི་ མདོ་སྡེ་༡༧ གྱི་ པོ་ཏི་༣ ལུ་ གཞི་བཞག་སྟེ་ བྲིས་ཏེ་ཡོད་ཟེར་ཨིན་པས།
རྒྱལ་སྤྱིའི་ནང་ བཀྲམ་སྤེལ་འབད་མི་དེ་ འབྲུག་དང་ ཆོས་ཀྱི་བསྟན་པ་དར་བའི་ས་ཆ་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ དེ་ལས་ ཧི་མ་ལ་ཡ་གངས་རིའི་ གསང་བའི་ནོར་བུ་ཚུ་ལས་ གསོལ་རས་ཅིག་ཨིན་ཟེར་ མཁན་པོ་ཕུན་ཚོགས་བཀྲིས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གཙོ་བོ་ར་ འཛམ་གླིང་ནང་ དམག་འཁྲུག་དང་ ནད་ཡམས་ དེ་ལས་ མུ་གེ་ཚུ་ ཞི་ཐབས་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་མས།
ད་རེས་ མི་ངོམ་རེ་ལུ་ ཀློང་ཆེན་གསུང་འབུབ་ བཀྲམ་སྤེལ་འབད་མི་ཚུགས་ནི་ཨིན་རུང་ མཚམས་ཁང་དང་ ཡང་ཅིན་ རི་ཁྲོད་ནང་ གསུང་འབུམ་ཚུ་ ལག་ལེན་ངོ་མ་ཡོད་པ་ཅིན་ བཀྲམ་སྤེལ་འབད་འོང་ཟེར་ཨིན་པས།
མདོ་སྔགས་༡༧ དེ་ དུས་རབས་༨ པའི་ནང་ རྒྱ་གར་ལས་ རྒྱ་ནག་ལུ་ གུ་རུ་རིན་པོ་ཆེན་དང་ པན་ཆེན་བྷི་མ་ལ་མི་ཊ་༢ ཀྱིས་ བསྣམས་བྱོན་ཡོདཔ་ད་ དེ་བསྒང་ མི་ཚུ་གིས་ ཆོས་དེ་ཚུ་ ངོས་ལེན་མ་འབད་བར་ གུ་རུ་རིན་པོ་ཆེའི་ སློབ་མ་༢༥ གིས་ བང་མཛོད་ཀྱི་རྣམ་པ་ལུ་ གསང་བཞག་དགོཔ་ཐོན་ནུག།
ལོ་༤༠༠ གི་ཤུལ་ལས་ ཀློང་ཆེན་པ་སྐུ་འཁྲུངས་ཏེ་ ཆོས་དེ་ཚུ་ བསྐྱར་གཞེངས་འབད་མི་ལུ་ དུས་རབས་༡༤ པའི་སྔ་ཆ་ལུ་ འབྲུག་མི་ཚུ་གིས་ ངོས་ལེན་འབད་ཡོདཔ་ཨིན་པས།
མཁན་པོ་གིས་ སླབ་མིའི་ནང་ གསུང་འབུམ་གྱིས་ མཐོང་གྲོལ་དང་ ཐོས་གྲོལ་ དེ་ལས་ རེག་གྲོལ་ དེ་ལས་ མྱོང་གྲོལ་ཐོག་ལས་ འཇིག་རྟེན་ལས་ སངས་རྒྱས་ནི་གི་ ནུས་པ་འོང་ཟེར་ཨིན་པས།
ཀློང་ཆེན་རབ་འབྱམས་དེ་(༡༣༠༨ལས་༡༣༦༤)དེ་ བོད་ཀྱི་བྱིན་རླབས་ཅན་གྱི་ བླམ་ཅིག་ཨིནམ་ད་ ཁོ་ར་ སྐྱེས་ལོ་༤༢ བཞེསཔ་ད་ འབྲུག་ལུ་ བྱོན་ཡོདཔ་ཨིན་པས།
འབྲུག་ལུ་ ལོ་ངོ་བཅུ་ཕྲག་༡ གི་རིང་ལུ་ བཞུགས་པའི་སྐབས་ རྩོམ་བྲིས་ཚུ་ འཕྲོ་མཐུད་དེ་ར་ ཕྱག་བྲིས་གནང་ཡོདཔ་མ་ཚད་ ཆོས་དང་འབྲེལ་བའི་ གནས་རྩ་ཅན་༨ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཀློང་ཆེན་རབ་འབྱམས་ཀྱིས་ གསུང་འབུམ་ཕྱག་བྲིས་འབད་བའི་སྐབས་ ར་ཧུ་ལ་གིས་ ཆོས་དེ་ཡིག་ཐོག་ལུ་ བཀོད་ཡོདཔ་ད་ ཨེ་ཀ་ཛ་ཏི་གིས་ ཤོག་ཀུ་བཏོན་པའི་ཁར་ དམ་ཅན་རྡོ་རྗེ་ལེགས་པ་གིས་ སྣག་ཚ་བཏོན་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement