༉ འབྲུག་གི་དཔལ་འབྱོར་དེ་ སྔར་སྲོལ་གྱི་ཐོག་ལས་ ཆུར་བརྟེན་གློག་མེ་དང་ ལྟ་བཤལ་ དེ་ལས་ ཞབས་ཏོག་ལས་སྡེ་ཚུ་ནང་ གཞི་བཙུགས་འབད་ཡོདཔ་ལས་ ད་རེས་ ལམ་རྒྱ་གྲམ་ཁར་ ལྷོད་དེ་ཡོདཔ་ད་ ཡུན་བརྟན་གོང་འཕེལ་གཏང་ནིའི་དོན་ལུ་ རྒྱལ་ཁབ་འདི་ གསར་བཏོད་དང་ ཚོང་འབྲེལ་འཐབ་ནི་ལུ་ བསྒྱུར་བཅོས་འབད་དགོཔ་འདུག།
དུས་རབས་འདི་ནང་ འཕྲུལ་རིག་གི་ཡར་རྒྱས་སྦོམ་སྦེ་ར་ འགྱོ་དོ་ཡོདཔ་ད་ དམིགས་བསལ་དུ་ བཅོས་རིག་དང་ སླར་འབྱུང་ནུས་ཤུགས་ དེ་ལས་ ཌི་ཇི་ཊཱལ་གྱི་ ཐབས་ལམ་ཚུ་ནང་ གོང་འཕེལ་སྦོམ་སྦེ་ར་ འགྱོ་དོ་ཡོདཔ་ལས་ དབྱེ་བ་ཕྱེ་ནི་གི་དཀའ་ངལ་འདི་ ཚ་གྱང་ལང་དགོཔ་ཅིག་ཨིན་པས།
ན་གཞོན་ལཱ་གཡོག་མ་ཐོབ་པའི་གྱངས་ཁ་མཐོ་མི་དང་ ཁྱད་རིག་ཅན་གྱི་ལཱ་འབད་མི་ཚུ་ གནས་སྤོ་འགྱོ་མི་དེ་གིས་ རྒྱལ་ཁབ་ཀྱི་ ན་གཞོན་ཚུ་གི་དོན་ལུ་ དཔལ་འབྱོར་དང་ ལཱ་གཡོག་གི་གོ་སྐབས་ཚུ་ བཟོ་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
གསར་བཏོད་ནང་ མ་རྩ་ཡར་སེང་འབད་ཐོག་ལས་ འབྲུག་གིས་ ལྕོགས་གྲུབ་ཅན་ཚུ་ བཞག་ནི་རྐྱངམ་གཅིག་མེན་པར་ མ་རྩ་བཙུགས་བཅུག་ནི་དང་ ཚོང་འབྲེལ་འཐབ་ནི་ལུ་ སེམས་ཤུགས་བྱིན་ནི་ དེ་ལས་ ཌི་ཇི་ཊཱལ་འཕྲུལ་རིག་དང་ ཡུན་བརྟན་གནས་ཚུགས་པའི་ ཚོང་ལས་ལ་སོགས་པ་ཚུ་ནང་ འཛུལ་ཞུགས་འབད་ནི་དེ་ཨིན་པས།
ཤེས་ཡོན་ཅན་གྱི་མི་སྟོབས་དང་ ཌི་ཇི་ཊཱལ་གྱི་མཐུན་རྐྱེན་ཚུ་ཡོདཔ་ལས་ འབྲུག་གིས་ སོ་ནམ་དང་ བཟའ་ཆས་དང་ སླར་འབྱུང་ནུས་ཤུགས་ དེ་ལས་ ལྟ་བཤལ་ལ་སོགས་པའི་ ལས་སྡེ་ཚུ་ནང་ འཕྲུལ་རིག་གསརཔ་ཚུ་ ལག་ལེན་འཐབ་ཚུགས་པའི་ རེ་བ་འདུག།
ཁ་ཙ་ འབྲུག་གི་གསར་བཏོད་གྲོས་འཛོམས་ནང་ ཡུ་རོ་པི་ཡན་ ཀ་པི་ཊཱལ་ ཀོ་བེ་རེཇ་གི་གཙོ་འཛིན་ ལི་འོན་ཊི་རི་ ཕ་ཊི་ན་ ལེཏ་གིས་ བཤད་མིའི་ནང་ གསར་བཏོད་དེ་ ལཱ་གཡོག་གི་གོ་སྐབས་བཟོ་ནི་ལུ་ གལ་གནད་ཅན་ཅིག་ཨིན་རུང་ ལས་སྡེ་ལུ་དམིགས་ཏེ་ འབད་དགོཔ་འདུག་ཟེར་ཨིན་པས།
དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ ཇི་ཨེམ་སི་གིས་ ཚོང་འབྲེལ་གྱི་གནས་ཚད་དང་ ཐོན་སྐྱེད་ཀྱི་རིགས་ དེ་ལས་ དོ་འགྲན་ཅན་ཚུ་གི་ ཕན་ནུས་ལུ་ དྲི་བཀོད་འབད་དགོཔ་འདུག་ཟེར་ མོ་གིས་ བཤདཔ་ཨིན་པས།
མི་ཅིག་གིས་ ཁྲལ་དགོངས་ཡངས་ཀྱི་ལྟེ་བ་དང་ དྲན་ཤེས་ཅན་གྱི་ས་གནས་ཚུ་ ཚོང་འབྲེལ་འཐབ་མི་ཚུགས་ནི་ཨིནམ་ད་ ཁྱོད་ཀྱིས་ གཉིས་ཆ་ར་ མཉམ་བསྡོམས་འབད་དགོ་པ་ཅིན་ གཅིག་གིས་ མཉམ་འབྲེལ་གྱི་ལོ་རྒྱུས་འདི་ འོས་འབབ་ཅན་སྦེ་ གདམ་ཁ་རྐྱབ་དགོཔ་འདུག་ཟེར་ཨིན་པས།
ཨོམ་བོ་རོསི་ ཀེ་པི་ཊཱལ་ ཨེལ་ཨེལ་སི་ གཞི་བཙུགས་འབད་མི་ ཨེ་ལེགསི་ ཕིཤ་མེན་གྱིས་ སླབ་མིའི་ནང་ འབྲུག་རྒྱལ་ཁབ་འདི་ནང་ ཚོང་འབྲེལ་གྱི་གནས་སྟངས་ལུ་ འོས་འབབ་ཡོད་པའི་ རྒྱུ་རྐྱེན་ཚུ་ག་ར་འདུག་ཟེར་ཨིནམ་ད་ ལྷག་པར་དུ་ དམིགས་བསལ་གྱི་ ལམ་སྲོལ་དང་ དྲན་ཤེས་ཀྱི་གནས་ཚད་ཡོདཔ་ལས་ དེ་གིས་ ཚོང་པ་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིན་པས།
འཛམ་གླིང་ནང་མི་དྲག་ཤོས་ཚུ་ འབྲུག་རྒྱལ་ཁབ་ནང་ འཁྱིད་འོང་ནི་དེ་ རྒྱལ་ཁབ་ཀྱི་དོན་ལུ་ ཐབས་ཤེས་ལེགས་ཤོམ་ཅིག་ཨིན་ཟེར་ཨིན་མས་ཟེར་ ཁོ་གིས་ སླབ་ཨིན་པས།
ཅི་ག་གོ་ གཙུག་ལག་སློབ་སྡེའི་ སློབ་དཔོན་དང་ ཅི་ག་གོ་ཚོང་འབྲེལ་བཀོད་ཚོགས་ཀྱི་འཐུས་མི་ པཱི་ཊོ་ བི་རོ་ནི་སི་གིས་འབད་བ་ཅིན་ འབྲུག་གིས་ ཡུན་བརྟན་ཡར་རྒྱས་ཀྱི་དོན་ལུ་ འཕྲུལ་རིག་གི་ གསར་བཏོད་ལམ་སྲོལ་ལུ་ གཙོ་རིམ་བཟུང་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དམིགས་བསལ་དུ་ སྒེར་སྡེ་ཚུ་ནང་ གསར་བཏོད་ཡར་དྲག་གཏང་ནི་དང་ མི་མང་གིས་ ཁྲིམས་ཀྱི་རྒྱབ་སྐྱོར་དང་ གཞི་རྟེན་མཁོ་ཆས་ དེ་ལས་ གཙུག་ལག་སློབ་སྡེ་ཚུ་ མཁོ་སྤྲོད་འབད་དགོཔ་མ་ཚད་ སློབ་ཕྲུག་ཚུ་ ཚོང་པ་དང་ མ་དངུལ་བཙུགས་མི་ཚུ་དང་ མཐུན་ལམ་བཟོ་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འབྲུག་རྒྱལ་ཁབ་ནང་ འཕྲུལ་རིག་ལྟེ་བ་ཅིག་ གཞི་བཙུགས་འབད་ནིའི་ ལྕོགས་གྲུབ་ཡོདཔ་ད་ དེ་ཡང་ འཕྲུལ་རིག་གི་ཐོན་ཁུངས་དང་ ཌི་ཇི་ཊཱལ་འཕྲུལ་རིག་ དེ་ལས་ ཌི་ཇི་ཊཱལ་དཔལ་འབྱོར་ཡར་དྲག་གཏང་ཐབས་ལུ་ཨིན་ཟེར་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ བཀོད་ཁྱབ་གཙོ་འཛིན་ ཨུཇ་ཝཱལ་ དི་པི་ དཱལ་གྱིས་ བཤད་མིའི་ནང་ སོ་ནམ་དང་ ཆུའི་ནུས་ཤུགས་ དེ་ལས་ ལྟ་བཤལ་དེ་ འབྲུག་གི་དཔལ་འབྱོར་གྱི་ ཀ་ཆེན་ངོ་མ་ཅིག་ཨིན་ཟེར་ཨིནམ་ད་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ དཔལ་འབྱོར་གྱི་ གཞི་རྩ་གསརཔ་ཅིག་སྦེ་ གསར་བཏོད་ལུ་ གཙོ་བོར་བཏོན་ཏེ་ཡོད་ཟེར་ཨིན་པས།
ང་བཅས་ཀྱིས་ བསམ་འཆར་དང་ ཤེས་ཡོན་ དེ་ལས་ རིག་རྩལ་གོང་འཕེལ་གྱི་དོན་ལུ་ མ་དངུལ་བཙུགས་དགོ་པའི་ཁར་ འབྲུག་གཞུང་དང་ ཤེས་རིག་གཙུག་སྡེ་ དེ་ལས་ སྒེར་སྡེ་ཚུ་གི་བར་ན་ མཉམ་འབྲེལ་ཡར་དྲག་གཏང་ཐོག་ལས་ འབྲུག་གིས་ ལས་འགུལ་གསརཔ་ཚུ་ འགོ་བཙུགས་ནི་ལུ་ གནས་སྟངས་ལེགས་ཤོམ་བཟོ་ཚུགས་ཟེར་ ཨུཇ་ཝཱལ་ དི་པི་ དཱལ་གྱིས་ བཤད་ཡོདཔ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ གསར་བཏོད་ཐབས་བྱུས་ཀྱི་ཆ་ཤས་ཅིག་སྦེ་ འཛམ་གླིང་མཉམ་རོགས་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ ཐབས་ལམ་སྣ་ཚོགས་ཐོག་ལས་ མ་དངུལ་བཟོ་ནི་གི་ འཆར་གཞི་བརྩམས་ཏེ་འདུག
ང་བཅས་ཀྱིས་ ཨ་རྟག་ར་ ཆུ་ཤུགས་གོང་འཕེལ་ལུ་ གཙོ་བོར་བཏོན་སྡོདཔ་ཨིན་རུང་ འབྲུག་རྒྱལ་ཁབ་ནང་ གོང་འཕེལ་འགྱོ་བའི་ཚོང་ལས་ཚུ་དང་ མཐུད་སྦྲེལ་འབད་དེ་ ང་བཅས་རའི་ ནུས་ཤུགས་ཀྱི་རྒྱུ་དངོས་ཚུ་ ག་དེ་སྦེ་ གོང་འཕེལ་གཏང་ཚུགས་ག་ཟེར་ མནོ་བསམ་མ་བཏང་པས་ཟེར་ཨིན་པས།
འབྲུག་གིས་ ནུས་ཤུགས་དང་ མཁོ་འདོད་ཅན་གྱི་ཚོང་པ་ཚུ་ བིཊ་ཀོ་ཡན་ མའི་ནིང་ལས་བརྒལ་ཏེ་ འབག་འོང་ནི་གི་རེ་བ་ཡོདཔ་བཞིན་དུ་ ནུས་ཤུགས་འབོར་ཆེ་ཏོག་ཏོ་སྦེ་ ལག་ལེན་འཐབ་ཚུགས་ཟེར་ ཨུ་ཇ་ཝཱལ་ དི་པཱལ་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲིད་བྱུས་དང་ ཕྱིའི་ཐོན་ཁུངས་གཉིས་ཆ་རའི་ཐད་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་དང་ བསམ་འཆར་ཚུ་ མཉམ་འབྲེལ་ཐོག་ བཟོ་སྐྲུན་འབད་ཚུགས་པ་ཅིན་ གོང་འཕེལ་གྱི་གནས་སྟངས་ སྒྲིང་སྒྲི་བཟོ་ཚུགས་ཟེར་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།