༉ ད་རིས་ ཤྲི་ལངྐ་ཀོ་ལིམ་བོ་ལུ་ སྐྱེས་ལོ་༡༤ མན་ཆད་ཀྱི་ སྤྱི་ལོ་༢༠༢༥ འི་ རྒྱལ་སྤྱི་ཊེ་ནིསི་འགྲན་བསྡུར་ནང་ འབྲུག་པའི་ ཊེ་ནིསི་རྩེད་འགྲན་པ་ སྐལ་བཟང་ལེགས་མཚོ་ཚེ་རིང་གིས་ བུ་རུ་ནི་ཡ་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།
ད་རིས་ སྤྲོ་སྣང་ཅན་གྱི་ སེམས་མཐུན་རྩེད་འགྲན་འབད་ཞིནམ་ལས་ འབྲུག་པའི་རྩེད་འགྲན་འབད་ནི་དེ་ མཇུག་ཨིནམ་བཞིན་དུ་ རྩེད་འགྲན་གྱི་སྐོར་ཐེངས་གཉིས་པ་དེ་ ནངས་པར་མཇུག་བསྡུ་ནི་དང་ དེ་ཡང་ རྒྱལ་ཁབ་ཀྱི་རྩེད་འགྲན་པ་ཚུ་གིས་ སྐོར་ཐེངས་གཉིས་པའི་ འགྲན་བསྡུར་དེ་ ནངས་པ་མཇུག་བསྡུཝ་ཨིན་པས།
འབྲུག་པའི་རྩེད་འགྲན་འབད་མི་ཚུ་ཡང་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་འོག་མ་ལས་ ཀུན་ལྡན་རིག་གསལ་རྡོ་རྗེ་དང་ ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མ་ལས་ སྐལ་བཟང་ལེགས་མཚོ་ཚེ་རིང་གིས་ བཅའ་མར་གཏོགས་ཡོདཔ་ད་ ཁོང་རྩེད་འགྲན་འབད་མི་གཉིས་དང་གཅིག་ཁར་ འབྲུག་ཊེ་ནིསི་ཚོགས་སྡེ་ལས་ སློབ་སྟོན་པ་ བཀྲིས་རྡོ་རྗེ་ཡོདཔ་ཨིན་པས།
སྐོར་ཐེངས་གཉིས་པའི་སྐབས་ལུ་ འབྲུག་པའི་རྩེད་འགྲན་པ་ ཕོ་མོ་གཉིས་ཆ་ར་ ཕྱིར་བཏོན་འགྱོ་མི་དེ་ ཧེ་མའི་རྩེད་འགྲན་སྐབས་ པ་ཀིས་ཏཱན་དང་ ནེ་པཱལ་གཉིས་ཆ་ར་ལས་ ཕམ་སོང་མི་ལུ་བརྟེན་ཨིན་པས།
སློབ་སྟོན་པ་ བཀྲིས་རྡོ་རྗེ་གིས་བཤད་མིའི་ནང་ རྩེད་འགྲན་འབད་མི་གཉིས་ལུ་ སྦྱོང་བརྡར་གྱི་གོ་སྐབས་ དེ་ཅིག་ར་ཐོབ་མ་ཚུགས་མི་ལུ་བརྟེན་ དུམ་གྲ་ཅིག་ དོ་འགྲན་འབད་མ་ཚུགས་རུང་ རྩེད་འགྲན་པ་གཉིས་ཀྱིས་ ཁོང་རའི་ལྕོགས་གྲུབ་ཚུ་ ལེགས་ཤོམ་སྦེ་ར་བཏོན་ཡི་ཟེར་ཨིན་པས།
སྐོར་ཐེངས་༡ པ་དེ་ སྤྱི་ཟླ་༡ པའི་ཚེས་༡༣ ལས་༡༦ ཚུན་འབདཝ་ད་ འབྲུག་པའི་ངོ་ཚབ་ཚུ་ ཕྱིར་ཐོན་མགྱོགས་སུ་སྦེ་ མགྱོགས་དགོཔ་ཐོན་ཡོདཔ་ད་ ཀུན་ལྡན་གྱིས་ ཕི་ལི་པིནསི་དང་ པ་ཀིས་ཏཱན་གཉིས་ལས་ཕམ་ཡོདཔ་ད་ སྐལ་བཟང་དེ་ ནེ་པཱལ་དང་ ཕི་ལི་པིནསི་གིས་ ཕམ་བཏང་ཡོདཔ་ཨིན་པས།
མཐའན་མཇུག་གིས་ སྤྲོ་སྣང་སེམས་མཐུན་གྱི་ སྐོར་ཐེངས་སྐབས་ མོང་སྒར་ལས་ཨིན་མི་ ཀུན་ལྡན་གྱིས་ གོ་སྐབས་ལེགས་ཤོམ་ཐོབ་སྟེ་ མོང་གོ་ལི་ཡེན་གྱི་ རྩེད་འགྲན་པ་གཉིས་ ཕམ་བཏང་སྟེ་ སྤྲོ་སྟོན་སེམས་མཐུན་རྩེད་འགྲན་ནང་ལས་ དྲག་ཤོས་ཐོན་ཡོདཔ་ད་ སྤ་རོ་ལས་ཨིན་མི་ སྐལ་བཟང་གིས་ ནེ་པཱལ་ལས་ ཕམ་ཡོད་རུང་ བུ་རུ་ནི་ཡ་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཨའི་ཊི་ཨེཕ་ཨེ་ཤི་ཡའི་ ཊེ་ནིསི་རྩེད་འགྲན་དེ་ སྐྱེས་༡༤ འོག་རྒྱུ་འབད་མི་ཚུ་གི་དོན་ལུ་ སྤྱི་ཟླ་༡ པའི་ཚེས་༡༠ ལས་༢༤ གི་བར་ནང་ རྩེད་འགྲན་འབད་དོ་ཡོདཔ་ད་ དེ་ཡང་ ལུང་ཕྱོགས་སྦེ་ ཤར་ལྷོ་དང་ ཤར་ཕྱོགས་ཨེ་ཤི་ཡའི་ རྒྱལ་ཁབ་ཚུ་ཡོདཔ་བཞིན་དུ་ དེ་ཁར་ རྒྱལ་ཁབ་༡༠ ཡོད་མི་ཚུ་ འབྲུག་དང་ བང་ལ་དེཤ་ བུ་རི་ནི་ཡ་ ལ་འོསི་ མོང་གོ་ལི་ཡ་ ནེ་པཱལ་ པ་ཀིསི་ཏཱན་ ཕི་ལི་པིནསི་ སིང་ག་པོར་ དེ་ལས་ ཤྲིལངྐ་ཚུ་ནང་ལས་ ལུས་རྩལཔ་༣༧ འབད་མི་ ཕོ་སྐྱེས་༢༡ དང་ ཨམ་སྲུ་༡༦ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྐོར་ཐེངས་དང་པ་མཇུག་བསྡུཝ་ད་ བུཚ་༢༡ ཡོད་མི་ལས་ ཀུན་ལྡན་གྱིས་ གནས་རིམ་༡༧ པའི་ནང་ཚུད་ཡོདཔ་ད་ སྐལ་བཟང་གིས་ ཨམ་སྲུ་༡༦ ཡོད་ས་ལས་ གནས་རིམ་༡༥ པའི་ནང་ཚུད་ཡོདཔ་ཨིན་པས།
སྐོར་ཐེངས་གཉིས་པའི་ནང་འབད་བ་ཅིན་ ཀུན་ལྡན་གྱི་གནས་རིམ་དེ་ མཇུག་གི་གྲངས་སུ་ཨིནམ་ད་ སྐལ་བཟང་གིས་ འབད་བ་ཅིན་ བུ་རི་ནི་ཡ་དང་གཅིག་ཁར་ རྩེད་འགྲན་འབད་བའི་ཤུལ་ལུ་ གནས་རིམ་ཚུ་ ཐོ་བཀོད་ནང་ཚུད་ནི་ཨིན་པས།
འབྲུག་གིས་ ཟུང་འབྲེལ་རྩེད་འགྲན་ནང་ བཅའ་མར་གཏོགས་མ་ཚུགས་མི་དེ་ རྩེད་འགྲན་འབད་མི་ ཚད་ཅིག་ལས་བརྒལ་མེད་མི་ལུ་བརྟེན་ཨིན་པས།
ད་རེས་ཀྱི་འགྲན་བསྡུར་ ཊེ་ནིསི་རྩེད་འགྲན་དེ་ གཞི་རྟེན་ལས་ར་ སྒྲིང་སྒྲི་བཟོ་དོན་ལུ་ཨིནམ་བཞིན་དུ་ ན་གཞོན་ཚུ་ལུ་ ལྕོགས་གྲུབ་བཏོན་ནིའི་ གོ་སྐབས་བྱིན་དོ་ཡོདཔ་ད་ ཁོང་ཆ་ཁྱབ་ལུ་ རྒྱལ་སྤྱིའི་ལས་རིམ་ནང་ གྲལ་གཏོགས་འབད་ནིའི་དོན་ལུ་ ལྷབ་སྦྱང་གི་གོ་སྐབས་ཚུ་ ཐོབ་དོ་ཡོད་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement