༉ རྩིས་ལོ་༢༠༢༡ གི་ཟླཝ་༧ པ་དང་ རྩིས་ལོ་༢༠༢༣ གྱི་ཟླཝ་༦ པའི་ནང་ འབྲུག་གིས་ ཀི་རིཔ་ཊོ་ཀ་རེན་སི་ བཟོ་ནིའི་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༥༣༩ མ་རྩ་གཞི་བཙུགས་འབད་མི་དེ་ཡང་ རྒྱལ་ཁབ་ཀྱི་ ཕྱི་དངུལ་གསོག་འཇོག་ མར་བབས་སོང་མི་ལུ་བརྟེན་ཨིན་པས།
དེ་ཡང་ དངུལ་ཀྲམ་ཐེར་འབུམ་༣༡.༥༡ དང་ ཡང་ཅིན་ རྩིས་ལོ་༢༠༢༡-༢༢ ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༢༡ རྩིས་ཨིན་པས།
འབྲུག་གི ཀི་རིཔ་ཊོ་ཀ་རེན་སི་ མང་ཤོས་ར་ བིཊ་ཀོ་ཡན་དང་ ཉུང་ཤོས་ར་ བགོ་བཀྲམ་ཆུང་ཀུ་ཨིན་པས།
སྤྱི་ལོ་༢༠༡༩ དང་༢༠༢༠ གི་བར་ན་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་ ཀི་རིཔ་ཊོ་ཀ་རེན་སི་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ལས་ འབྲུག་གིས་ མ་རྩ་གཞི་བཙུགས་ཐོག་ ཁེ་ཕན་ཡོདཔ་བཞིན་དུ་ བིཊ་ཀོ་ཡན་གྱི་ གོང་ཚད་ཡང་ ཡུ་ཨེསི་ཌོ་ལར་༥,༠༠༠ དང་༨,༠༠༠ བར་ན་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༥ ཚུན་ བིཊ་ཀོ་ཡཱན་རེ་ལུ་ གོང་ཚད་ཡུ་ཨེསི་ཌི་༦༤,༠༤༢ ལུ་ ལྷོད་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ འཛམ་གླིང་དངུལ་ཁང་ འབྲུག་གོང་འཕེལ་གྱི་གནས་སྡུད་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ཀྱི་ ཌི་ཇི་ཊཱལ་གཞི་སྒྱུར་དང་ དཔལ་འབྱོར་སྣ་ཁག་བཟོ་ཡར་སེང་འབད་ནིའི་དོན་ལས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལས་ སྐྱིན་འགྲུལ་ལེན་ཏེ་ མ་རྩ་གཞི་བཙུགས་འབད་ཡོདཔ་ཨིན་པས།
འཛམ་གླིང་དངུལ་ཁང་གིས་ བཀོད་མིའི་ནང་ སྐྱིན་འགྲུལ་གྱི་ མ་དངུལ་ཚུ་ཡང་ ཀི་རིཔ་ཊོ་ཀ་རེན་སི་བཟོ་ནི་གི་ བརྡ་དོན་འཕྲུལ་རིག་གི་ ཅ་ཆས་དང་ དེ་དང་འབྲེལ་བའི་ ཅ་ཆས་ཚུ་ ནང་འདྲེན་འཐབ་ནིའི་དོན་ལས་ ལག་ལེན་འཐབ་ཨིན་པས།
དེ་བཟུམ་སྦེ་ གློག་མེ་མཐུད་འབྲེལ་རྒྱ་སྐྱེད་གཏང་ནིའི་དོན་ལུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱིས་ཡང་ འབྲེལ་ཡོད་ཅ་ཆས་ཚུ་ ནང་འདྲེན་འཐབ་ཡོདཔ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ དངུལ་རྩིས་ལྷན་ཁག་གིས་ ད་ལྟོ་ཚུན་ཚོད་ གན་ལེན་༡༡ བྱིན་ཡོདཔ་ད་ སྤྱི་ལོ་༢༠༢༣ ཟླ་༡༢ པའི་ནང་འཁོད་ལུ་ གཞུང་གི་ ནང་འཁོད་བུ་ལོན་དེ་ གན་ལེན་བྱིན་མི་ལས་ དངུལ་ཀྲམ་ཐེར་འབུམ་༢༨.༡ ཡོདཔ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ དངུལ་ལས་དབང་འཛིན་ལུ་ རྩིས་ལོ་༢༠༢༣-༢༤ ལུ་ ཡུ་ཨེསི་ཌི་ས་༢༢༤ དང་ རྩིས་ལོ་༢༠༢༤-༢༥ ལུ་ ཡུ་ཨེསི་ཌི་ས་ཡ་༣༡༥ སྐྱིན་ཚབ་བཏབ་དགོ་ནི་ཨིན་པས།
འཛམ་གླིང་དངུལ་ཁང་གིས་ བཀོད་མིའི་ནང་ འཕྲལ་ཁམས་ཅིག་ཁར་ ཀི་རིཔ་ཊོ་ཀ་རེན་སི་གི་ གོང་ཚད་ཡར་སེང་སོང་མི་དང་འབྲེལ་ འབྲུག་མི་སེར་རྒྱ་ནོར་གཞི་བཟུང་ཚད་ལུ་ སྐྱིན་ཚབ་དུས་ཚོད་ཁར་བཏབ་ནི་ལུ་ ལྷན་ཐབས་བྱུང་ཡོདཔ་ཨིན་པས།
ཀི་རིཔ་ཊོ་ཀ་རེན་སི་ཐོན་སྐྱེད་འབད་ནིའི་དོན་ལས་ བརྡ་དོན་འཕྲུལ་རིག་གི་ཅ་ཆས་དང་ དེ་དང་འབྲེལ་བའི་ ཅ་ཆས་ཚུ་ ནང་འདྲེན་འཐབ་མི་གིས་ རྩིས་ལོ་༢༠༢༡-༢༢ ལུ་ རྒྱལ་སྤྱི་མ་དངུལ་ཟུར་གསོག་ མར་ཕབ་དང་ རྒྱུན་སྐྱོང་གི་རྩིས་ཁྲ་ ཁྱད་པར་སྦོམ་སོང་ཡོདཔ་སྦེ་ འཛམ་གླིང་དངུལ་ཁང་གིས་ བཀོད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༡ ཟླ་༦ པ་དང་ སྤྱི་ལོ་༢༠༢༢ ཟླ་༦ པའི་བར་ན་ ཕྱི་དངུལ་ཟུར་གསོག་དེ་ ཡུ་ཨེསི་ཌི་ཐེར་འབུམ་༡.༢༧ ལས་ ཡུ་ཨེསི་ཌི་ས་ཡ་༨༣༢.༩ འབདཝ་ད་ བརྒྱ་ཆ་༣༤.༧ དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཕྱི་དངུལ་ཟུར་གསོག་དེ་ སྤྱི་ལོ་༢༠༢༣ ཟླ་༧ པའི་ནང་འཁོད་ལུ་ ལྷག་པར་དུ་ ཡུ་ཨེསི་ཌོ་ལར་ས་ཡ་༥༧༣ ལུ་ མར་བབས་སོང་མི་ལས་ སྤྱི་ལོ་༢༠༢༡ ཕྱདཔ་ད་ ཕྱེད་ཀ་དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༡ པའི་ ནང་འཁོད་ལུ་ ཕྱི་དངུལ་ཟུར་གསོག་དེ་ ཡུ་ཨེསི་ཌི་ས་ཡ་༥༣༣.༢༩ ཡོདཔ་ཨིན་པས།
ཚོང་འབྲེལ་གྱི་ གནས་སྡུད་དང་འགྱོ་བ་ཅིན་ སྤྱི་ལོ་༢༠༢༢ དང་༢༠༢༣ ལུ་ འབྲུག་གིས་ དངུལ་ཀྲམ་ཐེར་འབུམ་༤ དང་ དངུལ་ཀྲམ་ཐེར་འབུམ་༡༡.༩༡ གནས་པའི་ བརྡ་དོན་འཕྲུལ་རིག་གི་ ཅ་ཆས་ཚུ་ ནང་འདྲེན་འཐབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༡ ལུ་འབད་བ་ཅིན་ འབྲུག་གིས་ དངུལ་ཀྲམ་ཐེར་འབུམ་༤.༤༤ གནས་པའི་ བརྡ་དོན་འཕྲུལ་རིག་གི་ ཅ་ཆས་ཚུ་ ནང་འདྲེན་འཐབ་ཡོདཔ་ཨིན་པས།
དངུལ་ཁང་གིས་ བཀོད་མིའི་ནང་ མ་གཞི་ ཕྱིར་ཚོང་དེ་ ལྟ་བཤལ་པའི་གྱངས་ཁ་མངམ་འོང་མི་གིས་ ལྷན་ཐབས་འབད་དོ་ཡོད་རུང་ ནང་འཁོད་ལས་ མཁོ་འདོད་བཀོད་མི་ ཡར་འཕར་སོང་ཡོདཔ་ལས་ གློག་མེ་ཕྱིར་ཚོང་ མར་བབས་སོང་ཡོདཔ་བཞིན་དུ་ ཀི་རིབ་ཊོ་ཀ་རེན་སི་ ཐོན་སྐྱེད་འབད་ནི་ལུ་ཡང་ གློག་མེ་གི་ ནུས་ཤུགས་མངམ་དགོ་དོཡོདཔ་ཨིན་པས།
འཛམ་གླིང་དངུལ་ཁང་གིས་ བཀོད་མིའི་ནང་ ཀི་རིཔ་ཊོ་ཀ་རེན་སི་དང་འབྲེལ་བའི་ བརྡ་དོན་འཕྲུལ་རིག་གི་ ཅ་ཆས་ཚུ་ ནང་འདྲེན་འཐབ་མི་གིས་ རྩིས་ལོ་༢༠༢༢-༢༣ ལུ་ རྒྱུན་སྐྱོང་རྩིས་ཁྲ་གི་ཁྱད་པར་དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༣༤.༣ དེ་ཅིག་ སྦོམ་བཟོ་ཡོདཔ་ཨིན་པས།
རྩིས་ལོ་༢༠༢༣-༢༤ ལུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལས་ ལེན་མི་སྐྱིན་འགྲུལ་ག་ར་ བརྡ་དོན་འཕྲུལ་རིག་ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནི་ལུ་ ལག་ལེན་འཐབ་ཡོདཔ་ཨིན་པས།
བརྡ་དོན་འཕྲུལ་རིག་གི་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནི་ མར་འབབ་འགྱོ་དོ་ཡོདཔ་ལས་ རྒྱུན་སྐྱོང་རྩིས་ཁྲའི་ཁྱད་པར་ མར་ཕབ་འགྱོ་ནི་ཨིནམ་ད་ རྩིས་ལོ་༢༠༢༤-༢༥ ལུ་ ལྟ་བཤལ་པའི་ གྱངས་ཁ་ཡར་འཕར་དང་ རྩིས་ལོ་༢༠༢༥-༢༦ ལུ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པ་མཇུག་བསྡུ་སྟེ་ ཕྱིར་ཚོང་འཐབ་ནི་ འགོ་བཙུགས་ནི་ཨིནམ་ལས་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།
འཛམ་གླིང་དངུལ་ཁང་གིས་ རྩིས་ལོ་༢༠༢༣-༢༤ ལུ་ ཚོང་འབྲེལ་གྱི་ཁྱད་པར་དང་ ནང་འདྲེན་མར་ཕབ་འབད་དེ་ རྒྱལ་ཁབ་ཀྱི་ རྒྱུན་སྐྱོང་རྩི་ཁྲའི་ཁྱད་པར་དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༡༥.༧ དེ་ཅིག་ ཡར་འཕར་འགྱོ་ནི་གི་ དམིགས་གཏད་བསྐྱེད་དེ་ཡོདཔ་ཨིན་པས།
དམིགས་གཏད་དེ་ཡང་ ཀི་རིཔ་ཊོ་ཀ་རེན་སི་གི་ ཅ་ཆས་ནང་འདྲེན་མར་བབས་ སོང་མི་ལུ་བརྟེན་ཨིན་པས།
འདི་བཟུམ་སྦེ་ རྒྱལ་སྤྱི་མ་དངུལ་ཟུར་གསོག་དེ་ཡང་ རྩིས་ལོ་༢༠༢༣-༢༤ ལུ་ ཡུ་ཨེསི་ཌི་ས་ཡ་༥༡༦ འབདཝ་ད་ ཟླཝ་༣.༣ ལང་ཚུགས་པའི་ ཅ་ཆས་ཚུ་ ནང་འདྲེན་འཐབ་ཚུགས་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།