༉ འཛམ་གླིང་མཐའ་འཁོར་མཐུན་རྐྱེན་(ཇི་ཨི་ཨེཕི་)གྱི་ གོང་འཕེལ་ཉུང་སུ་ཅིག་ལས་མ་འགྱོ་མི་ རྒྱལ་ཁབ་ཚུ་གི་མ་དངུལ་(ཨེལ་ཌི་སི་ཨེཕ་)གིས་ ཐིམ་ཕུག་དང་ སྤ་རོའི་ལུང་ཕྱོགས་ནང་ ཁྲོམ་ས་ཆགས་ཚུལ་དང་ མི་སྡེ་ཚུ་ནང་ གནམ་གཤིས་ཀྱི་གདོང་ལེན་ ཡར་དྲག་གཏང་ནིའི་དོན་ལུ་ ཡུ་ཨེསི་ཌི་ས་ཡ་༢༠ བྱིན་ཡོདཔ་ཨིན་པས།
གྲོགས་རམ་མ་དངུལ་དེ་ཡང་ འབྲུག་འདི་ སྤྱི་ལོ་༢༠༢༣ གྱི་ཟླ་༡༢ པའི་ནང་ གོང་འཕེལ་ཉུང་སུ་ཅིག་ལས་མ་འགྱོ་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ མཐར་འཁྱོལ་བའི་ཤུལ་ལུ་ ཕྱིའི་གྲོགས་རམ་མ་དངུལ་ཚུ་ མར་བབས་འགྱོ་བའི་ གདོང་ལེན་བྱུང་མི་དང་བསྟུན་ཨིན་པས།
ཕྱིའི་གྲོགས་རམ་མ་དངུལ་ཚུ་ སྤྱི་ལོ་༢༠༢༣-༢༤ ལུ་ དངུལ་ཀྲམ་ཐེར་འབུམ་༡༠.༦༢ མར་བབས་སོང་མི་དེ་ ཧེ་མའི་ རྩིས་ལོ་དང་ཕྱདཔ་ད་ བརྒྱ་ཆ་༢༦ མར་བབས་སོང་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ སྣ་མང་ལས་སྡེ་ཚུ་ལས་ གྲོགས་རམ་མར་ཕབ་འབད་མི་ལུ་བརྟེན་ཨིན་པས།
ནག་རྫས་བར་གནས་ཀྱི་ རྒྱལ་ཁབ་ཅིག་ཨིན་རུང་ འབྲུག་ལུ་ གནམ་གཤིས་འགྱུར་བགྲོད་ཀྱི་ གནོད་སྐྱོན་ཚུ་ བྱུང་བཞིན་དུ་ཡོདཔ་ལས་ གློ་བུར་གྱི་མཐུན་འགྱུར་དང་ བཀག་ཐབས་ཀྱི་དགོས་མཁོ་ཚུ་ བྱུང་སྟེ་ཡོདཔ་ཨིན་པས།
རྒྱལ་ཡོངས་བརྟག་ཞིབ་ཕན་འདེབས་(ཨེན་ཌི་སི་)ཀྱི་ སྙན་ཞུ་དང་འཁྲིལཝ་ད་ འབྲུག་ལུ་ གནམ་གཤིས་མཐུན་འགྱུར་གྱི་དོན་ལུ་ ཡུ་ཨེསི་ཌི་ཐེར་འབུམ་༠.༣༨༥ དང་ བཀག་ཐབས་ཀྱི་དོན་ལུ་ ཡུ་ཨེསི་ཌི་ཐེར་འབུམ་༠.༦ དགོས་མཁོ་བྱུང་སྟེ་ཡོདཔ་ཨིན་པས།
གཞི་རྟེན་མཐུན་རྐྱེན་དང་སྐྱེལ་འདྲེན་ལྷན་ཁག་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ ལས་འགུལ་གྱི་དོན་ལུ་ མ་དངུལ་ཐོབ་མི་དེ་ འབྲུག་གིས་ གོང་འཕེལ་ཉུང་སུ་ཅིག་ལས་མ་འགྱོ་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ མཐར་འཁྱོལ་མ་འབྱུང་བའི་ ཧེ་མ་ལས་ར་ བརྟག་ཞིབ་འབད་དེ་ ཆ་འཇོག་འབད་འབདཝ་ཨིན་ཟེར་ཨིན་པས།
ཐིམ་ཕུག་དང་ སྤ་རོ་ལུང་ཕྱོགས་ནང་ ཁྲོམ་ས་ཆགས་ཚུལ་དང་ མི་སྡེ་གི་ གནམ་གཤིས་གདོང་ལེན་ཡར་དྲག་(ཨི་སི་ཨར་ཡུ་ཨེལ་)ཟེར་མི་ ལས་འགུལ་དེ་ དུས་ཅི་ལས་འགོ་བཙུགས་ཏེ་ སྤྱི་ལོ་༢༠༣༠ ཚུན་ ལག་ལེན་འཐབ་ནི་ཨིན་པས།
ལས་འགུལ་དེ་གིས་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ ཉེན་ཁ་ཚུ་ མར་ཕབ་འབད་ཐབས་ལུ་ རང་བཞིན་གནས་སྟངས་ལུ་གཞི་བཞག་སྟེ་ ཐབས་ལམ་གསརཔ་བཏོན་ནི་དེ་ དམིགས་བསལ་དུ་ ཧེག་ཊར་༨༠༠ འབད་མི་ ཆུ་རྐ་ཚུ་ ཉམས་བཅོས་འབད་ནི་དང་ སྔོན་འགྲོའི་ཉེན་བརྡ་ལམ་ལུགས་ཚུ་ ཡར་དྲག་གཏང་ནི་ དེ་ལས་ ཆར་ཆུ་འཛིན་སྐྱོང་གི་མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནི་དེ་ རྒྱལ་ཁབ་ཀྱི་ ཁྲོམ་གྱི་ས་ཁོངས་དང་ ཐིམ་ཕུག་དང་ སྤ་རོ་ལུང་ཕྱོགས་ཀྱི་ མི་སྡེ་ཚུ་ལུ་ གནོད་སྐྱོན་བཀག་ཐབས་ལུ་དམིགས་ཏེ་ཨིན་པས།
ཐིམ་ཕུག་དང་ ཉེ་འདབས་ཀྱི་རྫོང་ཁག་ སྤ་རོ་ལུ་ རྒྱལ་ཁབ་ཀྱི་ མི་རློབས་བརྒྱ་ཆ་༤༠ སྡོད་དོ་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་བསྡོམས་ལས་ བརྒྱ་ཆ་༤༠ དེ་ཅིག་ གྲོགས་རམ་འབད་དོ་ཡོདཔ་ད་ ཨིན་རུང་ ཁྲོམ་སྡེ་འདི་ མགྱོགས་དྲགས་སྦེ་ར་ ཡར་རྒྱས་འགྱོ་མི་དང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ གནོད་སྐྱོན་ དཔེར་ན་ ཆུ་རུད་དང་ ས་རུད་ དེ་ལས་ འཐུང་ཆུ་མ་ལང་པའི་དཀའ་ངལ་ཚུ་གིས་ ཁྲོམ་སྡེ་ལུ་ གནོད་སྐྱོན་རྐྱབ་ནི་གི་ ཉེན་ཁ་ཡོདཔ་ཨིན་པས།
ཇི་ཨི་ཨེཕ་གི་ བཀོད་ཁྱབ་གཙོ་འཛིན་དང་ ཁྲི་འཛིན་ཨིན་མི་ ཀཱར་ལཱོསི་ མེ་ནི་འུལ་ རོ་ཌི་གིའུ་གིས་ བཤད་མིའི་ནང་ འབྲུག་འདི་ འཛམ་གླིང་ནང་ རང་བཞིན་གནས་སྟངས་ལེགས་ཤོམ་ཡོད་པའི་ རྒྱལ་ཁབ་དང་ ནག་རྫས་ཀཱར་བཱོན་མེད་མི་ཅིག་ཨིན་རུང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ འབྲུག་རྒྱལ་ཁབ་ལུ་ གནོད་ཉེན་སྦོམ་འདུག་ཟེར་ཨིན་པས།
འབྲུག་འདི་ གནམ་གཤིས་འགྱུར་བགྲོད་ལུ་ གནོད་ཉེན་ཆེ་བའི་རྒྱལ་ཁབ་ཚུ་གི་གྲས་ལས་ ཨང་༣༨ པ་ཨིནམ་ད་ གནམ་གཤིས་འགྱུར་བགྲོད་ལུ་ གྲ་སྒྲིག་ཡོད་པའི་གྲས་ལས་ ཨང་༦༢ པ་ལུ་ལྷོད་ནུག་ཟེར་ ཨེ་ཤི་ཡ་ལུ་ གནམ་གཤིས་གནས་སྟངས་ཀྱི་སྙན་ཞུ་༢༠༢༣ ཅན་མའི་ནང་བཀོད་ཡོདཔ་ཨིན་པས།
འབྲུག་གིས་ ལྟ་རྟོག་དང་ སྔོན་བཤད་ཚུ་ནང་ གྲུབ་འབྲས་ལེགས་ཤོམ་ཐོབ་ཡོད་རུང་ ཉེན་བརྡའི་ལམ་ལུགས་དང་ བརྡ་དོན་ཁྱབ་སྤེལ་ དེ་ལས་ རྐྱེན་ངན་གྲ་སྒྲིག་ཚུ་ནང་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ལས་ དེ་གི་དོན་ལུ་ མགྱོགས་པ་ར་ ཐབས་ཤེས་བཏོན་དགོཔ་འདུག་ཟེར་བཀོད་འདུག་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།