༉ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་(ཇི་ཨེམ་སི)དེ་ འཛམ་གླིང་དང་ ལྷོ་ཨེ་ཤི་ཡ་ལུགས་ཕྱོགས་ཀྱི་བར་ནའི་ སྒོ་ལམ་གྱིས་མ་ཚད་ འཛམ་གླིང་ནང་ གསང་སྔགས་རྡོ་རྗོ་ཐེག་པའི་ ལྟེ་བ་ཅིག་སྦེ་ཡང་ འོང་ནི་ཨིནཔས།
འཆར་སྣང་དེ་ཡང་ གཞི་རྟེན་མཉམ་འབྲེལ་དང་ བིག་གི་ གསར་བཏོད་མདོ་ཆེན་ ཇར་ཀི་ ཨིན་ཇེལསི་གིས་ ཁ་ཙ་ སྤ་རོ་ལུ་ འབྲུག་གསར་བཏོད་གྲོས་འཛོམས་ནང་ ཇི་ཨེམ་སི་གི་ འཆར་གཞི་ཨམ་གྱི་སྐོར་ལས་ གསལ་ཞུ་འབད་བའི་སྐབས་ གསལ་བསྒྲགས་འབད་ཡི།
ཇི་ཨེམ་སི་ལས་འགུལ་གྱི་ དམིགས་ཡུལ་གཙོ་བོ་ར་ དྲན་ཤེས་དང་ ཡུན་བརྟན་ དེ་ལས་ གསར་བཏོད་ནང་ ཁྲོམ་ཚོགས་ལྟེ་བ་བཟོ་ནི་དེ་ཨིནམ་ད་ དེ་ནང་ འབྲུག་པའི་རང་ལུགས་གཅིག་སྒྲིལ་ཐོག་ བཟོ་བཀོད་དང་ འཕྲུལ་རིག་ལག་ལེན་འཐབ་ནི་ཨིན་པས།
ཇི་ཨེམ་སི་དེ་ ཁྲོམ་ཚོགས་གོང་འཕེལ་ཆ་ཚང་སྦེ་ འཛམ་གླིང་ནང་ དཔེ་སྟོན་ཅིག་སྦེ་ འོང་ནིའི་རེ་བ་ཡོདཔ་ཨིན་པས།
ཇར་ཀི་ ཨིན་ཇེལསི་གིས་ སླབ་མིའི་ནང་ ཇི་ཨེམ་སི་དེ་ རང་བཞིན་ནུས་ཤུགས་ དམིགས་བསལ་དུ་ གློག་མེ་འཕྲུལ་ཁང་དང་ ཆོས་དང་ གསོ་བ་དང་ཞི་བདེ་ ཤེས་རིག་དང་ཤེས་ཡོན་ སྔོ་ལྗང་ནུས་ལུགས་དང་འཕྲུལ་རིག་བཟོ་གྲྭ་ དངུལ་འབྲེལ་ སོ་ནམ་འཕྲུལ་རིག་དང་ནགས་ཚལ་ དེ་ལས་ མཁའ་འགྲུལ་དཔལ་འབྱོར་བརྩིས་ཏེ་ དཔལ་འབྱོར་ཁག་༧ ལུ་ གཙོ་རིམ་བཟུང་འོང་ཟེར་ཨིན་པས།
ཁྲོམ་ཚོགས་ནང་ རྒྱལ་སྤྱི་གནམ་གྲུ་ཐང་གསརཔ་དང་ རེལ་ལི་མཐུད་སྦྲེལ་གྱི་དོན་ལུ་ དོ་ཕབ་ལེན་འབད་ས་ དེ་ལས་ ཆོས་དང་ལམ་སྲོལ་དང་ མཐུད་སྦྲེལ་འབད་བའི་ དྲན་ཤེས་ལམ་ཚུ་ཡང་ འོང་ནི་ཨིན་པས།
ཇར་ཀི་ ཨིན་ཇཱེལསི་གིས་ སླབ་མིའི་ནང་ འབྲུག་འདི་ བརྒྱ་ཆ་༦༠ ནགས་ཚལ་གྱིས་ཁྱབ་སྟེ་ སྔོ་ལྗང་དང་ལྡནམ་སྦེ་ཡོད་པའི་ཁར་ རྩ་ཁྲིམས་ཆེན་མོ་གིས་ ཉེན་སྐྱོབ་འབད་དོ་ཡོདཔ་མ་ཚད་ རི་དྭགས་སེམས་ཅན་ཚུ་ ལུང་ཕྱོགས་ཀྱི་བར་ན་ བར་ཆད་མེད་པར་ འཁྱམས་སྡོད་ནི་ལུ་ རྒྱལ་ཡོངས་གསོག་འཇོག་དེ་ སྐྱེ་ལྡན་བར་ལམ་དང་ འབྲེལ་མཐུད་འབད་དེ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ གཙང་སྦྲ་དང་ལྡན་པའི་ གཙང་ཆུ་ཚུ་ འཛུགས་སྐྱོང་འཐབ་པའི་ སོ་ནམ་ཞིང་བདའ་སྟེ་ བབས་ཡོདཔ་བཞིན་དུ་ རང་བཞིན་ནུས་ཤུགས་དང་ཡང་ བསྒྱུར་བཅོས་འབད་དེ་ འདུག་ཟེར་ཨིན་པས།
དེ་མ་ཚད་ འབྲུག་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གསང་སྔགས་རྡོ་རྗེ་ཐེག་པའི་ནང་ ནང་པའི་ཆོས་ཀྱི་ལམ་སྲོལ་ནང་ མཉམ་སྡེབ་ཀྱི་ སྤྱི་མཐུན་དགའ་སྐྱིད་དང་ ཉེན་སྲུང་ཅན་གྱི་ སྲིད་དོན་ལམ་ལུགས་ཀྱི་ རྒྱལ་ཁབ་ཅིག་ ཨིན་མས་ཟེར་ ཇར་ཀི་ ཨིན་ཇེལསི་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཇི་ཨེམ་སི་གི་ ལཱ་དང་གཞི་བཞག་གི་ ཁྲིམས་ལུགས་དེ་ཡང་ སིངྒ་པུར་ཁྲིམས་དང་ དངུལ་འབྲེལ་གཞི་བཀོད་དེ་ ཨ་བུ་དཱ་བི་ འཛམ་གླིང་ཁྲོམ་ལམ་གྱིས་ བཙུགས་འོང་ཟེར་ཨིན་པས།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཐབས་ལམ་༩ དང་ གསང་སྔགས་རྡོ་རྗེ་ཐེག་པའི་ ཆོས་ཀྱི་གཞི་རྩ་དང་འཁྲིལ་ཏེ་ དྲན་ཤེས་ཁྲོམ་ཚོགས་ཀྱི་ གཞི་བཀོད་ནང་ རང་བཞིན་གྱི་གནས་སྟངས་དང་ ལཱ་གཡོག་གི་གོ་སྐབས་ཡར་སེང་ འོང་འབབ་སླ་བསྲེའི་ ཁྱིམ་ཚོགས་རྒྱབ་སྐྱོར་ ཤེས་རིག་ཐོབ་སྤྱོད་ངེས་བརྟན་ འཚོ་བ་འཕྲོད་བསྟེན་གྱི་རྒྱབ་སྐྱོར་ མི་སྡེ་སྒྲིང་སྒྲི་བཟོ་ནི་ མི་སྡེ་རང་ལུགས་དུས་སྟོན་ དེ་ལས་ མི་སྡེ་དགོས་མཁོ་ཚུ་ གདོང་ལེན་འབད་ནི་ཨིན་པས།
ཇི་ཨེམ་སི་ལུ་བརྟེན་ འབྲུག་དེ་ འཛམ་གླིང་ནང་ སངས་སྔགས་རྡོ་རྗེ་ཐེག་པའི་ ལྟེ་བ་ཅིག་སྦེ་ འགྱོ་འོང་ཟེར་ ཇར་ཀི་ ཨིན་ཇེལསི་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲོམ་ཚོགས་དེ་ དམིགས་བསལ་བདག་སྐྱོང་ལུང་ཕྱོགས་ཅིག་ འོང་ནི་ཨིནམ་ད་ དེ་ནང་ སེམས་ཤུགས་ཅན་གྱི་ ཚོང་འབྲེལ་དང་ ཕྱི་མ་རྩ་གཞི་བཙུགས་ དེ་ལས་ ནང་འཁོད་ཀྱི་ ལྕོགས་གྲུབ་ཅན་ཚུ་ བཞག་ནི་ལུ་ ཁེ་ཕན་ཡོདཔ་ཨིན་པས།
ས་མཐོ་ས་གི་ ཁྲོམ་ཚོགས་ནང་ ཡུན་རིང་གི་ལྟེ་བ་ ཆོས་དང་འབྲེལ་བའི་སྐྱིད་གནས་ཁང་དང་ གསང་སྔགས་རྡོ་རྗེ་ཐེག་པའི་ ཆོས་ཀྱི་ལྟེ་བ་ཚུ་ ཟམ་གྱི་ཐོག་ལུ་འོང་ནི་ཨིནམ་མ་ཚད་ གོམས་འདྲིས་འབད་ནིའི་ སློབ་གྲྭ་ཚུ་ཡང་ འོང་ནི་ཨིན་པས།
དམའ་ས་དུམ་གྲ་ཅིག་ཡོད་མིའི་ནང་ སོ་ནམ་འཕྲུལ་རིག་དང་ ནགས་ཚལ་ལྟེ་བ་ལ་སོགས་པ་ཚུ་ རྐྱབ་ནི་ཨིནམ་ད་ ས་དམའ་ས་ལུ་ ནང་འཁོད་ཀྱི་རྒྱུ་ཆས་ སྤག་ཤིང་དང་ ཤིང་ཆས་ ས་པག་ཅུ་ དེ་ལས་ གཙང་ཆུའི་རྡོ་ཚུ་ ལག་ལེན་འཐབ་སྟེ་ ཐོག་ཚད་༦-༨ འབད་མི་ སྒྲིང་ཁྱིམ་ཚུ་ རྐྱབ་ནི་ཨིན་པས།
ཇར་ཀི་ ཨིན་ཇེལསི་གིས་ སླབ་མིའི་ནང་ དྲན་ཤེས་ལམ་གུ་ལས་ གནས་སྐོར་གྱི་དོན་ལུ་ ལག་ལེན་འཐབ་ནི་ཨིནམ་བཞིན་དུ་ འབྲུག་པའི་གནས་སྦོམ་ཚུ་དང་ མཐུད་སྦྲེལ་འབད་ནི་ཨིནམ་ད་ ལྷབ་སྦྱང་འབད་ནི་དང་ ཤེས་ཡོན་བརྗེ་སོར་འབད་ནི་ ཆོས་འབྲེལ་ལག་ལེན་འཐབ་ནི་གི་ མི་མང་ས་གོ་ཚུ་ གཞི་བཙུགས་འབད་འོང་ཟེར་ཨིན་པས།
ཇི་ཨེམ་སི་དེ་ མ་འོངས་ཁྲོམ་ཚོགས་ཅིག་སྦེ་ འོང་ནི་ཨིནམ་ད་ དེ་ནང་ ནང་འཁོད་ཚོང་སྣ་ཚུ་ འོང་ཚུགས་ནི་ཨིན་པས།
ཇར་ཀི་ ཨིན་ཇེལསི་གིས་ སླབ་མིའི་ནང་ རྒྱལ་སྤྱི་གནམ་གྲུ་ཐང་གསརཔ་དེ་ ཐད་ཀར་དུ་ གླིང་ཆེན་༤ གི་ མཁའ་འགྲུལ་དེ་ མཐུད་སྦྲེལ་འབད་ནི་དང་ གོ་རིམ་དང་པའི་ནང་ འགྲུལ་པ་ས་ཡ་༡.༣ ལུ་ ཞབས་ཏོག་བྱིན་ནི་ཚུགས་དང་ གོ་རིམ་༢ པའི་ནང་ འགྲུལ་པ་ས་ཡ་༥.༥ ཚུ་ ཞབས་ཏོག་བྱིན་ཐོག་ལས་ ལུང་ཕྱོགས་ནང་ གཞན་དང་དོ་འགྲན་འབད་ཚུགས་པའི་ ལྟེ་བ་ཅིག་སྦེ་ བཟོ་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འབྲུག་འདི་ མི་རློབས་ཐེར་འབུམ་༤ ཡོད་པའི་ ལུང་ཕྱོགས་ལྟེ་བ་ཅིག་ནང་ ཆགས་ཏེ་ཡོདཔ་ལས་ འཛམ་གླིང་དང་ ཤར་ལྷོ་ཨེ་ཤི་ཡ་བར་ནའི་ སྒོ་ལམ་ཅིག་ལུ་ འགྱུར་འོང་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement