༉ འབྲུག་ལུ་ ཀི་ནོ་བ་གི་ལཱ་འབད་ནི་ནང་ འབྲུག་ལུ་གདོང་ལེན་ ལེ་ཤ་ཡོད་པའི་གྲས་ལས་ ལཱ་ཁག་ཤོས་ར་ ཀི་ནོ་བ་སྐྱེ་ནི་དང་ དུས་ཚོད་ཁར་ སོན་བཏབ་ནི་ སྐྱེས་ཞིནམ་ལས་བདག་འཛིན་འབད་ནི་ འཛུགས་སྐྱོང་གི་ཤེས་ཡོན་མེད་མི་ ཆར་ཆུ་གིས་གནོད་སྐྱོན་ དེ་ལས་ བ་མོ་དང་ བྱ་དང་བྱིའུ་ཅུང་ཚུ་གིས་ མེདཔ་བཏང་མི་ཚུ་ཨིན་པས།
གནད་དོན་དེ་ཚུ་ཡང་ རྒྱལ་ཡོངས་རང་བཞིན་སོ་ནམ་ལྟེ་བའི་ནང་ ཉིན་གྲངས་༢ ཀྱི་རིང་ ཀི་ནོ་བ་ཐོན་སྐྱེད་དང་ རིགས་སྤེལ་གྱི་ གྲོས་འཛོམས་ཅིག་ འཚོགས་པའི་སྐབས་ གསུང་གྲོས་གནང་ཡོདཔ་ད་ ལས་རིམ་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ སོ་ནམ་ཞིབ་འཚོལ་ལྟེ་བ་དང་ འབྲེལ་ཡོད་ལས་སྡེ་ཚུ་ལས་ ཀི་ནོ་བ་མཁས་མཆོག་༢༠ གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
སོ་ནམ་ལས་ཁུངས་དང་ འབྲུག་གི་འཛམ་གླིང་རྒྱལ་སྤྱི་བཟའ་འཐུང་དང་ སོ་ནམ་ལས་ཚོགས་ལས་ ཐབས་རིག་དང་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འཆར་གཞི་༡༣ པའི་ ནང་ རྫོང་ཁག་༡༤ གི་ ས་ཆ་ཨེ་ཀར་༡,༠༠༠ ལས་ ཀི་ནོ་བ་མེ་ཊིག་ཊཱོན་༢༥༠ ཐོན་སྐྱེད་འབད་ནི་གི་ དམིགས་གཏད་བསྐྱེད་དེ་ ཡོདཔ་ཨིན་པས།
ཀི་ནོ་བ་དེ་ ཤར་ཕྱོགསཔ་ཚུ་གིས་ ཨ་ཞེ་མོ་དང་ ལྷོ་ཕྱོགས་རྫོང་ཁག་ནང་འབད་བ་ཅིན་ ར་ནི་བི་ཐུ་ཟེར་ སླབ་དོ་ཡོདཔ་བཞིན་དུ་ འབྲུ་སྣ་དེ་ བཅུད་ལྡན་ཡོད་པའི་ཁར་ ཕྱིར་ཚོང་འཐབ་ནི་ལུ་ འོས་འབབ་སྦོམ་ཡོདཔ་ད་ ཀི་ནི་བ་དེ་ཡང་ སོ་ནམ་སྐྱེ་ལྡན་གནས་སྟངས་ཀྱི་ ས་ཁོངས་མ་འདྲཝ་ཚུ་ནང་ སྐྱེས་དོ་ཡོདཔ་ཨིན་པས།
ཀི་ནོ་བ་དེ་ ཀེ་བ་དང་ གེ་ཟ་ འབྱ་ ཀར་ དེ་ལས་ ཚོད་བསྲེ་བཟུམ་སྐོར་རྒྱབ་སྦེ་ སྐྱེས་དོ་ཡོདཔ་ཨིན་པས།
ན་ཧིང་ རྒྱལ་ཁབ་ནང་ སོ་ནམ་པ་༢༢༣ གྱིས་ ས་ཆ་ཨེ་ཀར་༢༨ འབད་མི་ཞིང་ནང་ ཀི་ནོ་བ་ཊཱོན་༡༣ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༠ ལུ་ འབྲུག་ལུ་ ཀེ་ནོ་བ་འཛུགས་སྐྱོང་འབད་མི་༡,༣༧༧ ཡོད་རུང་ ཚོང་ལམ་དང་འབྲེལ་བའི་གདོང་ལེན་ བརྩི་མཐོང་དང་ གོང་ཚད་ཉུང་ཤོས་ཡོད་མི་ལུ་བརྟེན་ སོ་ནམ་པ་ཚུ་ སེམས་ཤུགས་ཉམས་ཏེ་ འཕྲོ་མཐུད་དེ་ ཀི་ནོ་བ་གི་ལཱ་ འབད་མ་ཚུགསཔ་ཨིན་པས།
སྟབས་མཐུན་ཁས་བླངས་ཕན་བདེ་ལས་འགུལ་གྱི་ ཡན་ལག་བཟུམ་སྦེ་ འབྲུག་དང་ བང་ལ་དེཤ་ དེ་ལས་ ནེ་པཱལ་ཚུ་གིས་ དུས་ཅི་ སྤྱི་ཟླ་༣ པའི་ནང་ ཡུ་ཨེསི་ཌོ་ལར་ས་ཡ་༡ གནས་པའི་ལས་འགུལ་ཚུ་ འགོ་འདྲེན་འཐབ་ཡོདཔ་ད་ ལས་འགུལ་དེ་ཡང་ སང་ཕོད་ སྤྱི་ཟླ་༡༢ པའི་ནང་ མཇུག་བསྡུ་ནི་ཨིན་པས།
སྟབས་མཐུན་ཁས་བླངས་ཕན་བདེ་ལས་འགུལ་གྱི་ མ་དངུལ་ཡོངས་བསྡོམས་ལས་ འབྲུག་ལུ་ ཡུ་ཨེསི་ཌོ་ལར་༢༠༠,༠༠༠ བགོ་བཀྲམ་འབད་ཡོདཔ་ད་ དེ་གི་གྲས་ལས་ དངུལ་ཀྲམ་ས་ཡ་༦ དེ་ ལྕོགས་གྲུབ་གོང་འཕེལ་དང་ སྦྱོང་བརྡར་གྱི་དོན་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ད་རེས་ ཀི་ནོ་བ་ཐོན་སྐྱེད་ཡོངས་བསྡོམས་ལས་ བརྒྱ་ཆ་༡༠ དེ་ ལས་སྡེ་སྣ་མང་འབྲེལ་གཏོགས་འབད་དེ་ སྨན་ཁང་དང་ སློབ་གྲྭའི་བཟའ་སྤྱོད་ལས་རིམ་ནང་ མོ་བཏབ་ཀྱི་དོན་ལུ་ བཀྲམ་སྤེལ་འབད་དོ་ ཡོདཔ་ཨིན་པས།
འོད་གསལ་སྤང་ རྒྱལ་ཡོངས་རང་བཞིན་སོ་ནམ་ལྟེ་བའི་མཁས་མཆོག་ ཏིར་ཐ་བྷ་དུར་ ཀཊི་ཝཱལ་གྱིས་ སླབ་མིའི་ནང་ གཞུང་གིས་ ཀི་ནོ་བ་དེ་ གནས་གོང་ཆེ་བའི་ ལོ་ཐོག་ཅིག་སྦེ་ གཙོ་རིམ་བཟུང་སྟེ་ཡོདཔ་བཞིན་དུ་ ཞིབ་འཚོལ་ལྟེ་བ་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དོ་ཟེར་ཨིན་པས།
འོས་འབབ་ལྡན་པའི་ སྲིད་བྱུས་ཚུ་ ལག་ལེན་འཐབ་ཡོདཔ་ད་ འབྲུག་སོ་ནམ་འཕྲུལ་ཆས་ལས་འཛིན་གྱིས་ ལས་དོན་ཚུ་ བསྡུ་ལེན་དང་ དངུལ་རྩིས་ལྷན་ཁག་གིས་ འགན་ལེན་ལམ་ལུགས་ཀྱི་ གོང་ཚད་རྒྱུན་སྐྱོང་ ཀི་ནོ་བ་དེ་ རྒྱལ་ཁབ་རེ་གི་ ཐོན་སྐྱེད་རེ་སྦེ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ འཆར་གཞི་༡༣ པའི་ནང་ གཙོ་རིམ་ཅན་གྱི་ ལོ་ཐོག་སྦེ་ བཟོ་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ འཆར་གཞི་དེ་ འབྲེལ་མཐུན་འབད་ཚུགས་པའི་ ཐོན་སྐྱེད་ལེགས་ཤོམ་དང་ ཚོས་གཞི་སྣ་མང་གི་ རིགས་ཚུ་ལུ་ གཙོ་རིམ་བཟུང་ནི་དང་ བེ་རེན་བྷུ་ཊཱན་རྩོལ་སྒྲུབ་དང་ ས་ཁམས་བརྡ་སྟོན་དང་ ས་ཁམས་བརྡ་སྟོན་རང་བཞིན་ཡུན་བརྟན་ཐོག་ལས་ རང་བཞིན་གནས་སྟངས་ལུ་ ངོས་ལེན་འབད་དོ་ཡོདཔ་ད་ ཀི་ནོ་བ་གི་ གནས་གོང་དེ་ གཞན་དང་མ་འདྲཝ་སྦེ་ བཟོ་ནི་ལུ་ཨིན་ཟེར་ ཏིར་ཐ་བྷ་དུར་ ཀཊི་ཝཱལ་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ ཐབས་བྱུས་དང་ ཐབས་ལམ་ཚུ་ སོན་ཚུ་རིན་མེད་སྟོང་པར་དང་ ཐོན་སྐྱེད་ཚུ་ གོང་ཚད་རན་ཏོག་ཏོ་སྦེ་ བྱིན་པའི་ཁར་ འཕྲུལ་ཆས་ཀྱི་རྒྱབ་སྐྱོར་ཚུ་ འབད་ཡོདཔ་ད་ ཐོན་སྐྱེད་དང་ ཐོན་སྐྱེད་འབད་བའི་ཤུལ་ལས་ ཚོང་ལམ་དང་འབྲེལ་བའི་ དཀའ་ངལ་ཡོད་རུང་ གོ་སྐབས་ཚུ་ ལེ་ཤ་ཡོད་ཟེར་ཨིན་པས།
ཀི་ནོ་བ་ཚུ་ ལྷོ་ཕྱོགས་དང་ ས་ཁ་མཐོ་ས་དབུས་ཕྱོགས་ནང་ ལེགས་ཤོམ་སྦེ་ སྐྱེས་བཏུབ་དོ་ཡོདཔ་ད་ ས་ཁ་མཐོ་ས་ལུ་ དཀའ་ངལ་དེ་ སྐྱེས་ནི་གི་ དུས་ཚོད་གངམ་མེད་རུང་ དུས་ཚོད་ཁར་ སོན་བཏབ་པ་ཅིན་ ཐོན་སྐྱེད་ལེགས་ཤོམ་ འཐོན་ནི་ལུ་ ལྷན་ཐབས་འབད་དོ་ཡོདཔ་ཨིན་པས།
ཀི་ནོ་བ་མཁས་མཆོག་ རྣམ་རྒྱལ་དབང་འདུས་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༥ ལུ་ ཀི་ནོ་བ་ འཛུགས་སྐྱོང་འཐབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ཀི་ནོ་བ་རིགས་མ་འདྲཝ་༩ བརྟག་དཔྱད་འབད་ཡོད་མི་ལས་༤ ཐོན་སྐྱེད་ལེགས་ཤོམ་ འོང་སྟེ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཀི་ནོ་བ་ཚུ་ ལྷོ་ཕྱོགས་རྫོང་ཁག་༦ དང་ དམིགས་བསལ་དུ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཐོན་སྐྱེད་ལེགས་ཤོམ་འོང་སྟེ་ཡོདཔ་ད་ དེ་ནང་ ཚ་དྲོད་ཚུ་ཡང་ ཌི་གི་སེལ་ཤི་ཡེས་༡༠ དང་༣༨ ཀྱི་བར་ན་ ཡོདཔ་ཨིན་པས།
ད་ལྟོ་ཚུན་ ཤར་ཕྱོགས་ཀྱི་ རྒེད་འོག་༡༩ ལས་ སོ་ནམ་རྒྱ་སྐྱེད་འགོ་དཔོན་དང་ སོ་ནམ་པ་༥༠༠ ཚུ་ ཀི་ནོ་བ་གི་ ལཱ་འབད་ནིའི་ སྦྱོང་བརྡར་བྱིན་ཡོདཔ་ད་ བཀྲིས་སྒང་ བར་མཚམས་ལུ་ ཀི་ནོ་བའི་ ཐོན་སྐྱེད་མངམ་ འབད་དོ་ཡོདཔ་ཨིན་པས།
དབང་འདུས་ཀྱིས་ སླབ་མིའི་ནང་ ཤར་ཕྱོགས་ཀྱི་ སོ་ནམ་པ་ཚུ་ལུ་ སོན་བཞག་ས་ ལོགས་སུ་སྦེ་ཡོདཔ་ད་ ད་ལྟོ་ཚུན་ཚོད་ ཞིབ་འཚོལ་ལྟེ་བ་ཚུ་གིས་ ཀི་ནོ་བ་སོན་ ཀེ་ཇི་༢,༡༧༢.༥ བཀྲམ་སྤེལ་འབད་ཡོདཔ་ད་ སྤྲོ་བ་ཅན་གྱི་ སོ་ནམ་པ་ཚུ་གི་དོན་ལས་ སོན་ཀི་ཇི་༤,༨༢༧ ལྷག་ལུས་ཡོད་ཟེར་ཨིན་པས།
གཞུང་གིས་ སོ་ནམ་པ་ཚུ་ལུ་ སྟབས་བདེ་ནི་ལུ་ གློག་མེ་འཕྲུལ་ཆས་ཀྱི་ རྒྱབ་སྐྱོར་ཚུ་འབད་ནི་ཨིནམ་ད་ གཞུང་གི་ གློག་མེ་དང་ ལྕགས་སྐུད་དྲྭ་མིག་ དེ་ལས་ ཞིང་ཆུ་བཀྲམ་སྤེལ་འབད་ནིའི་ འཆར་གཞི་ཡོད་མི་གིས་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ལས་ བཀག་ཐབས་འབད་དེ་ ཐོན་སྐྱེད་ལུ་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
གཞུང་གིས་ འཆར་གཞི་༡༣ པའི་ནང་ སོ་ནམ་ཚོང་ལས་དང་མཉམ་ལས་ལུ་ དངུལ་ཀྲམ་ས་ཡ་༩༡༠.༥ བརྩིས་ཏེ་ རྩིས་ལོ་༢༠༢༤-༢༥ ནང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་སྡེ་ལུ་ འཆར་དངུལ་དངུལ་ཀྲམ་ཐེར་འབུམ་༡༠.༢༣ བགོ་བཀྲམ་འབད་ཡོདཔ་ཨིན་པས།
དེ་མ་ཚད་ དུས་ཅི་ སྤྱི་ཟླ་༦ པ་ལས་ མ་རྩ་གཞི་བཙུགས་འབད་ནིའི་ འཆར་གཞི་གཞན་ཡོད་མི་དང་གཅིག་ཁར་ སོ་ནམ་ལས་སྡེ་ལུ་ ཕྱིའི་མ་རྩ་གཞི་བཙུགས་ བརྒྱ་ཆ་ལས་༡༠༠ འབད་ནི་སྦེ་ གསལ་བསྒྲགས་འབད་ནུག།
ཀི་ནོ་བ་ཚུ་ཡང་ བཞེས་སྒོའི་རིགས་ མ་འདྲཝ་༩ བཟོ་ཚུགས་དོ་ཡོདཔ་བཞིན་དུ་ ཐུགཔ་དང་ ཁུར་ལེབ་ཚུ་ ཡོངས་གྲགས་ཐལ་ཏེ་ ཡོདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།