༉ འབྲུག་ལུ་ གཞན་དང་མ་འདྲ་བའི་ གོ་སྐབས་ཅིག་ཡོད་མི་དེ་ཡང་ ཆུར་བརྟེན་ནུས་ཤུགསདང་ རིན་ཐང་ཅན་གྱི་ ལམ་སྲོལ་བཟང་པོ་ཚུ་ཡོད་པའི་གུ་ དྲན་ཤེས་ཁྲོམ་གྱི་དམིགས་གཏད་དང་ ཡུན་བརྟན་ངོས་ལེན་འབད་བའི་གནད་དོན་ཚུ་ ཡོད་ནི་དེ་གིས་ཨིན་པས།
སྤ་རོ་དུར་དཀར་རྫོང་ནང་ འབྲུག་གསར་བཏོད་གྲོས་འཛོམས་ཀྱི་ ཉིནམ་མཇུག་ལུ་ ཡོངས་གྲགས་ཅན་གྱི་ ས་གཏེར་གཞི་བཙུགས་འབད་མི་ རོ་བཊ་ཕེ་རེཌ་ལེནཌ་གིས་ བཤད་མིའི་ནང་ འབྲུག་གི་དོན་ལུ་ དོ་འགྲན་དང་ གོ་སྐབས་གཉིས་ཆ་ར་ཡོད་མི་དེ་ཡང་ ནུས་ཤུགས་ཀྱི་ གོ་སྐབས་ཡོད་ནི་དེ་གིས་ ཨིནམ་སྦེ་ཨིན་པས།
འབྲུག་འདི་ འཛམ་གླིང་ནང་ འོས་ལྡན་གྱི་ནུས་ཤུགས་དང་ ཡུན་བརྟན་གོང་འཕེལ་དེ་ ཨང་དང་པའི་གྲངས་སུ་ ཚུད་ནི་ཨིན་མས་ཟེར་ ཁོ་གིས་ བཤད་པའི་ཁར་ རྒྱལ་ཁབ་འདི་ གཞན་དང་མ་འདྲ་བའི་ ལུང་ཕྱོགས་ཅིག་ཨིན་པའི་གུ་ མཁྱེན་རྒྱ་ཆེ་བའི་ རྒྱལཔོ་བཞུགས་ཏེ་འདུག་ཟེར་ ཁོ་གིས་ བསྟོད་བསྔགས་ཕུལཝ་ཨིན་པས།
ད་རུང་ འབྲུག་རྒྱལ་ཁབ་འདི་ ནག་རླུང་མེད་པའི་ རྒྱལ་ཁབ་ཅིག་ཨིན་ཏེ་འབད་རུང་ འདི་ལུ་གདོང་ལེན་ཚུ་ ལེ་ཤ་ཅིག་ར་བྱུང་སྟེ་འདུག་ཟེར་ཨིནམ་ད་ ནུས་ཤུགས་ཀྱི་དོན་ཚན་ཚུ་ འོས་ལྡན་ཅན་གྱི་ཐོག་ལུ་ཡོདཔ་སྦེ་ར་ མཐོངམ་མས་ཟེར་ཨིན་པས།
ཆུར་བརྟེན་ནུས་ཤུགས་ གི་ག་ཝཱཊ་༢.༥ གི་ཤུགས་ཚད་དེ་ ནིའུ་ཀི་ལི་ཡར་གྱི་ ཤུགས་ཚད་ཕྱེད་དང་༣ གྱི་རྩིས་ ཐོན་སྐྱེད་འབད་ཚུགས་པའི་ འོས་འབབ་འདུག་ཟེར་ཨིནམ་ད་ འབྲུག་གིས་ གློག་མེའི་ནུས་ཤུགས་ཚུ་ ཐོན་སྐྱེད་འབད་དེ་ ཐབས་ཤེས་གཞན་ཚུ་ནང་ ལག་ལེན་འཐབ་ཚུགསཔ་སྦེ་ འདུག་ཟེར་ཨིན་རུང་ གནམ་དགུན་གྱི་སྐབས་ལུ་ རྒྱལ་ཁབ་ཀྱིས་ གློག་མེ་ཚུ་ མཁོ་འདོད་བསྒྲུབ་ནི་དོན་ལུ་ རྒྱ་གར་ནང་ལས་ ལོག་ནང་འདྲེན་འབད་དགོཔ་སྦེ་ འདུག་ཟེར་ཨིན་པས།
རོ་བཌ་ཕི་རིཌ་ལེནཌ་གིས་ བཤད་མིའི་ནང་ གློག་མེའི་ནུས་ཤུགས་ལུ་ རྩིས་བཀོད་འབདཝ་ད་ འབྲུག་གིས་ ནང་འཁོད་སྔོ་ལྗང་གནམ་གཤིས་ཀྱི་ ཉེན་ཁ་མེད་པའི་དཔལ་འབྱོར་ཚུ་ གཞི་བཙུགས་འབད་དེ་ དཔལ་འབྱོར་གོང་འཕེལ་དང་ དངུལ་འབྲེལ་གོང་འཕེལ་ བཏང་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ མ་འོངས་པའི་ནང་ འབྲུག་འདི་ འཛམ་གླིང་གི་ ཚོང་འབྲེལ་ཅིག་ལུ་འགྱུར་ཏེ་ ཡུན་བརྟན་གོང་འཕེལ་དང་ མ་རྩ་གཞི་བཙུགས་འབད་ནི་ དེ་ལས་ འཛམ་གླིང་གི་ལྕོགས་གྲུབ་ཅན་ཚུ་གིས་ ལཱ་འབད་ནིའི་ གོ་སྐབས་འདུག་ཟེར་ཨིན་པས།
ཁོ་གིས་ རྒྱལ་ཁབ་༦༤ དེ་ཅིག་གི་ ཉམས་མྱོང་ཡོད་མི་སྐོར་ལས་བཤད་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེའི་ ལམ་སྟོན་བཟང་པོའི་འོག་ལུ་ གཞན་དང་མ་འདྲ་བའི་ གདོང་ལེན་འབད་མི་དང་ གོ་སྐབས་བཟོ་མི་ལུ་ བསྟོད་བསྔགས་ཚུ་ འབད་ཡོདཔ་ཨིན་པས།
ན་གཞོན་ལྕོགས་གྲུབ་ཅན་ཚུ་ དཔལ་འབྱོར་ཡར་ཐོན་ནང་བཙུགས་ཐོག་ལས་ མི་སེར་གྱི་ མི་ཚེའི་གནས་སྟངས་ ཡར་དྲག་བཟོ་ནི་དེ་ གལ་ཆེ་ཤོས་ཅིག་ཨིན་ཟེར་ཨིནམ་ད་ ང་བཅས་ཀྱིས་ ལོ་རྒྱུས་ལེ་ཤ་སླབ་སྟེ་འབད་རུང་ འབྲུག་གི་ན་གཞོན་ཚུ་ལུ་ གོ་སྐབས་དང་ ཡུན་བརྟན་གནས་ཚུགསཔ་འབད་དེ་ ཁོང་ཆ་ཁྱབ་ རྒྱལ་ཁབ་ནང་སྡོད་བཅུག་སྟེ་ ག་ར་ལུ་ གོ་སྐབས་དང་ ཕྱུགཔོ་སྦེ་སྡོད་ནི་ཡོདཔ་ བཟོ་ནི་དེ་ཨིན་ཟེར་ཨིན་པས།
ཁོ་གིས་ ད་རུང་ བཤད་མིའི་ནང་ འབྲུག་གི་སྔར་སྲོལ་བཟང་པོའི་ ལམ་སྲོལ་དང་ རང་བཞིན་གནས་སྟངས་ བདག་འཛིན་འབད་ནི་དེ་ ཁག་ཆེ་ཟེར་ཨིནམ་ད་ རྒྱལ་ཁབ་ཀྱིས་ དྲན་ཤེས་དང་ སྒོམ་སྒྲུབ་ཐོག་ལས་ ཞི་བདེ་དང་ བདེ་སྐྱིད་འབྱུང་ཐབས་བཟོ་ནི་ལུ་ རྩ་འགེངས་དགོ་ཟེར་ཨིན་པས།
རོ་བཌ་གིས་ གློག་མེ་ལས་འགུལ་དེ་ དཔལ་འབྱོར་དང་ ནུས་ཤུགས་གཞི་རྟེན་ཚུ་ མེད་ཐབས་མེདཔ་ཅིག་སྦེ་ཡོད་རུང་ དེ་ཚུ་གི་ མཁོ་འདོད་བསྒྲུབ་ནི་དང་ གོང་འཕེལ་བཏང་ནི་ དེ་ལས་ རྒྱུན་སྐྱོང་ཚུ་ འཕྲོ་མཐུད་དེ་ར་ ཐོན་བཞིན་དུ་ སྡོད་འོང་ཟེར་ཨིན་པས།
སྤྱི་ལོ་༢༠༥༠ ལུ་ འཛམ་གླིང་གི་ དམིགས་ཡུལ་དེ་ འགྲུབ་དགོཔ་འདྲཝ་འབད་བ་ཅིན་ ད་ལྟོའི་ཚོད་རྩིས་ལས་ ད་ལྟོ་ཐོན་སྐྱེད་འབད་མི་རྒྱུ་ཆས་ལས་ ཚར་༣ དང་༤ གིས་ ཡར་སེང་འབད་དགོ་ཟེར་ཨིནམ་ད་ འདི་བཟུམ་གྱི་ རྒྱུ་ཆས་མཁོ་འདོད་ཡར་སེང་འགྱོཝ་ད་ ས་གཏེར་ཚུ་ལུ་ མཁོ་གལ་མངམ་འཐོན་ནི་མས་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement