༉ རྒྱ་གར་གྱི་ རྒྱལ་ཚོགས་འཆར་དངུལ་སྙན་ཞུ་དང་འཁྲིལཝ་ད་ འབྲུག་གིས་ རྩིས་ལོ་༢༠༢༥-༢༦ གི་དོན་ལུ་ རྒྱ་གར་ལས་ དངུལ་འབྲེལ་གྲོགས་རམ་ ཨའེ་ཨེན་ཨར་ཐེར་འབུམ་༢༡.༥ འཐོབ་ནི་ཨིན་མི་དེ་ རྒྱ་གར་གྱི་ ཕྱིའི་གྲོགས་རམ་ཐོབ་མི་ མཐོ་ཤོས་ཨིན་ཟེར་ཨིན་པས།
བགོ་བཀྲམ་དེ་གིས་ རྩིས་ལོ་དེ་གི་དོན་ལུ་ རྒྱ་གར་གྱི་ ཕྱིའི་གྲོགས་རམ་ཡོངས་བསྡོམས་ལས་ བརྒྱ་ཆ་༣༩ གསལ་སྟོན་འབདཝ་ཨིན་པས།
གྲོགས་རམ་ཆ་ཚང་གི་གྲངས་སུ་ གནང་བྱིན་ཐོག་ལུ་ ཨའེ་ཨེན་ཨར་ཐེར་འབུམ་༡༧.༧༥ དང་ སྐྱིན་འགྲུལ་ཐོག་ལུ་ ཨའེ་ཨེན་ཨར་ཐེར་འབུམ་༣.༧༥ ཨིན་པས།
རྒྱ་གར་གྱི་ རྒྱལ་ཚོགས་འཆར་དངུལ་སྙན་ཞུ་དང་འཁྲིལཝ་ད་ དངུལ་འབྲེལ་གྱི་རྒྱབ་སྐྱོར་འདི་ རྒྱ་གར་གྱིས་ འབྲུག་གི་གོང་འཕེལ་ནང་ ཁས་བླངས་འབད་བའི་ བརྡ་མཚོན་སྟོནམ་ཨིན་ཟེར་ཨིན་པས།
རྒྱ་གར་གྱིས་ ད་ལྟོའི་རྩིས་ལོ་༢༠༢༤-༢༥ གི་དོན་ལུ་ཡང་ བརྒྱ་ཆ་༢༣ ཡར་སེང་འབད་ཡོདཔ་ད་ དེ་ཡང་ འགོ་ཐོག་གི་བགོ་བཀྲམ་ ཨའེ་ཨེན་ཨར་ཐེར་འབུམ་༢༠.༦༩ དང་ཕྱདཔ་ད་ ཨའེ་ཨེན་ཨར་ཐེར་འབུམ་༢༥.༤༣ ཨིན་པས།
གནང་བྱིན་མ་དངུལ་ཚུ་ ཨའེ་ཨེན་ཨར་ཐེར་འབུམ་༡༠.༧༩ ལས་ ཨའེ་ཨེན་ཨར་ཐེར་འབུམ་༡༦.༧༤ ལུ་ ཡར་སེང་འབད་ཡོད་རུང་ ཕབ་ཆག་སྐྱིན་འགྲུལ་ཐད་ཁར་ ཨའེ་ཨེན་ཨར་ཐེར་འབུམ་༩.༩ ལས་ ཨའེ་ཨེན་ཨར་ཐེར་འབུམ་༨.༧ ལུ་ མར་ཕབ་འབད་ཡོདཔ་ཨིན་པས།
འབྲུག་གིས་ རྒྱ་གར་ལས་ གནང་བྱིན་མ་དངུལ་ཐོབ་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་འོག་ལས་ ནེ་པཱལ་གྱིས་ ཨའེ་ཨེན་ཨར་ཐེར་འབུམ་༧ དང་ མའུ་རི་ཤི་ཡསི་གིས་ ཨའེ་ཨེན་ཨར་ཐེར་འབུམ་༥ ཐོབ་ཡོདཔ་ཨིན་པས།
རྒྱ་གར་གྱིས་ མཱལ་དིབསི་ལུ་ གནང་བྱིན་མ་དངུལ་ ཨའེ་ཨེན་ཨར་ཐེར་འབུམ་༤.༧ ལས་ ཨའེ་ཨེན་ཨར་ཐེར་འབུམ་༦ ལུ་ ཡར་སེང་འབད་ཡོདཔ་ད་ དེ་ཡང་ མཱལ་དིབསི་གིས་ རྒྱ་གར་དང་གཅིག་ཁར་ མཐུན་ལམ་བསྐྱར་གསོ་འབད་མི་ལུ་བརྟེན་ཨིན་པས།
རྒྱ་གར་གྱིས་ ཨཱཕ་རི་ཀཱན་རྒྱལ་ཁབ་ཚུ་ལུ་ཡང་ གྲོགས་རམ་མ་དངུལ་ཚུ་ ཧེ་མ་དང་ཕྱདཔ་ད་ ཡར་སེང་འབད་ཡོདཔ་ཨིན་པས།
ཨིན་རུང་ རྒྱ་གར་གྱིས་ ཨཱཕ་ག་ནིསི་ཏཱན་ལུ་ ཕྱིའི་གྲོགས་རམ་དེ་ ཨའེ་ཨེན་ཨར་ཐེར་འབུམ་༢ ལས་ ཨའེ་ཨེན་ཨར་ཐེར་འབུམ་༡ ལུ་ མར་ཕབ་འབད་ཡོདཔ་མ་ཚད་ མ་ཡན་མར་ལུ་ཡང་ ཨའེ་ཨེན་ཨར་ཐེར་འབུམ་༤ ལས་ ཨའེ་ཨེན་ཨར་ཐེར་འབུམ་༣.༥ ལུ་ མར་ཕབ་རྐྱབ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ སྲིད་དོན་བརྟན་ཏོག་ཏོ་སྦེ་ མེད་ནི་དེ་གིས་ཨིན་པས།
རྒྱ་གར་གྱིས་ འབྲུག་ལུ་ དཔལ་འབྱོར་ལྷན་ཐབས་མ་དངུལ་ ཨའེ་ཨེན་ཨར་ཐེར་འབུམ་༡༥ བརྩིས་ཏེ་ འཆར་གཞི་༡༣ པའི་རྒྱབ་སྐྱོར་དོན་ལུ་ ཡོངས་བསྡོམས་ཨའེ་ཨེན་ཨར་ཐེར་འབུམ་༨༥ ཁས་བླངས་འབད་ཡོདཔ་ཨིན་པས།
འཆར་གཞི་༡༢ པའི་སྐབས་ རྒྱ་གར་གྱིས་ གྲོགས་རམ་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༤༥ བྱིན་ཡོདཔ་ཨིན་པས།
འབྲུག་ལུ་ ཕྱིའི་གྲོགས་རམ་དེ་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ ཤེས་རིག་ གསོ་བ་ གློག་མེ་ རྩེད་རིགས་ གནམ་སྟོང་ དེ་ལས་ འཕྲུལ་རིག་ཚུ་ གོང་འཕེལ་གཏང་ནིའི་ནང་ ཕན་ཐོགས་འབྱུང་ནི་ཨིན་པས།
རྩིས་ལོ་༢༠༢༥-༢༦ ལུ་ འབྲུག་གིས་ འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༡༠༩.༣༥ སྔོན་རྩིས་བཏོན་ཡོདཔ་ད་ དེ་ཡང་ འཆར་གཞི་༡༣ པའི་ འཆར་དངུལ་ཡོངས་བསྡོམས་ལས་ བརྒྱ་ཆ་༢༡ ཨིན་པས།
གྲོས་འཆར་བཀོད་མི་ འཆར་དངུལ་ནང་ གསར་སྒྲུབ་ཟད་འགྲོའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༥༣.༧༩ དང་ རྒྱུན་སྐྱོང་ཟད་འགྲོའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༥༥.༥༦ ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ རྩིས་ལོ་དེ་གི་དོན་ལུ་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༨༩.༣༥ དམིགས་ཚད་བསྐྱེད་ཡོདཔ་ད་ དེའི་གྲངས་སུ་ ནང་འཁོད་འོང་འབབ་ལས་ དངུལ་ཀྲམ་ཐེར་འབུམ་༦༧.༢༨ དང་ ཕྱིའི་གནང་བྱིན་ལས་ དངུལ་ཀྲམ་ས་ཡ་༢༢.༠༧ ཨིན་པས།
འཆར་གཞི་༡༣ པའི་ནང་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༥༡༢.༢༨ དང་གཅིག་ཁར་ རྩིས་ཆད་ཡང་ དངུལ་ཀྲམ་ཐེར་འབུམ་༥༥.༩༤ ཚོད་དཔག་འབད་མི་དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༢.༩༧ ཨིན་པས།
འཆར་གཞིའི་ དུས་ཡུན་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡༢༥ ཚོད་དཔག་འབད་ཡོད་མི་ལས་ ཐོན་ཁུངས་ཡོངས་བསྡོམས་ལས་ བརྒྱ་ཆ་༢༧ ཨིནམ་ད་ མ་དངུལ་དེ་གིས་ གསར་སྒྲུབ་ཟད་འགྲོ་ལས་ བརྒྱ་ཆ་༥༡ དེ་ཅིག་ གཏང་ཚུགས་ནི་ཨིན་པས།
ཕྱིའི་གྲོགས་རམ་སྦོམ་ཤོས་ དངུལ་ཀྲམ་ཐེར་འབུམ་༨༥ དེ་ རྒྱ་གར་ལས་ཨིནམ་ད་ དེ་གི་ལྷག་ལུས་ དངུལ་ཀྲམ་ཐེར་འབུམ་༤༠དེ་ ཡུ་རོ་པི་ཡན་ ཡུ་ནི་ཡཱོན་དང་ ཇ་པཱན་ དེ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ལས་སྡེ་དང་ གཞན་གོང་འཕེལ་མཉམ་འབྲེལ་ལས་སྡེ་ཚུ་ལས་ འོང་དོ་ཡོདཔ་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement