༉ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༢ ལས་ ཟླ་༡༢ པའི་ཚེས་༡༧ ཚུན་ ཟླཝ་༦ གི་རིང་ འབྲུག་གིས་ ལྟ་བཤལ་གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ནི་ཨིན་པས།
སྤྱི་ལོ་༡༩༧༥ ཟླ་༦ པའི་ཚེས་༢ ལུ་ འབྲུག་གིས་ འཛམ་གླིང་གི་དོན་ལས་ ལྟ་བཤལ་སྒོ་ཕྱེས་ཡོདཔ་བཞིན་དུ་ དུས་ཅི་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབདཝ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢ ལུ་ ལྟ་བཤལ་ལས་ཁུངས་ཀྱིས་ ཐིམ་ཕུག་ ཀུན་གསལ་ཕོ་བྲང་ རྡོར་གདན་མའི་སྐུ་མདུན་ལུ་ དྲན་རྟགས་ཅན་གྱི་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ཐབས་ལུ་ གོ་བརྡའི་ཀི་དེབ་ཅིག་ གསར་བཏོན་འབད་ཡོདཔ་ཨིན་པས།
འབྲུག་ལུ་ སྤྱི་ལོ་༡༩༧༤ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ ཁྲི་མངའ་གསོལ་དང་འབྲེལ་ ལྟ་བཤལ་སྒོ་ཕྱེས་ཡོདཔ་ཨིན་པས།
ལྟ་བཤལ་དེ་ཡང་ རིན་ཐང་ཆེ་བ་དང་ ཚད་གཞི་ཉུང་བའི་ སྲིད་བྱུས་ཐོག་ལས་བཟོ་མིའི་ ཁས་ལེན་ཐོག་ ཡུན་བརྟན་སྦེ་ ལག་ལེན་འཐབ་ཡོདཔ་ད་ སྲིད་བྱུས་དེ་ འཛམ་གླིང་ནང་ འབྲུག་གི་རང་ལུགས་ཚུ་ བརྗེ་སོར་འབདཝ་ད་ འོང་འབབ་བཟོ་ནི་དང་ ལྟ་བཤལ་ནང་ འདྲ་མཉམ་སྦེ་ དྲན་ཤེས་གོང་འཕེལ་ངེས་བརྟན་བཟོ་ཐབས་ལུ་ཨིན་པས།
འབྲུག་ལུ་ ལྟ་བཤལཔ་འགོ་དང་པ་ར་ ཨེ་མི་རི་ཀ་ལས་ ལྟ་བཤལཔ་༨ འབད་མི་ སྡེ་ཚན་ཅིག་དང་ ཨིསི་པེ་ནརཌི་ལས་ ལྟ་བཤལཔ་༥ དེ་ལས་ ཨར་ཇེན་ཊི་ན་ལས་ ལྟ་བཤལཔ་༡ དེ་བསྒང་ གནམ་གྲུའི་ཞབས་ཏོག་མེདཔ་ལས་ སྣུམ་འཁོར་ནང་ འོང་ཡོདཔ་ཨིན་པས།
ལྟ་བཤལཔ་༡༤ འོང་ནི་ འགོ་བཙུགསཔ་ལས་ཚུར་ འབྲུག་ལུ་ ལྟ་བཤལཔ་བརྒྱ་ལས་བཅད་དེ་ འོང་ནི་འགོ་བཙུགས་ཡོདཔ་ད་ ཨིན་རུང་ སྤྱི་ལོ་༡༩༨༣ ལུ་ འབྲུག་མཁའ་འགྲུལ་གྱི་ ཞབས་ཏོག་འགོ་བཙུགས་ཡོདཔ་ལས་ འབྲུག་ལུ་ ལྟ་བཤལ་པའི་གྱངས་ཁ་ ཡར་འཕར་སོང་ཡོདཔ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ གཞུང་གིས་ ལྟ་བཤལ་གཞི་བཙུགས་འབདཝ་ལས་ཚུར་ གྲུབ་འབྲས་བྱུང་མི་ཚུ་ བརྩི་སྲུང་འབད་ནི་གི་ གོ་སྐབས་ཐོབ་ཚུགས་མི་ལུ་ དཔའ་ཉམས་བསྐྱེད་ཚུགས་ཅི་ཟེར་ཨིན་པས།
འབྲུག་འདི་ གཞན་དང་མ་འདྲཝ་ཅིག་དང་ གཞི་སྒྱུར་ དེ་ལས་ ཡུན་བརྟན་གྱི་ས་གོ་ཅིག་སྦེ་ གཞི་བཙུགས་འབད་དེ་ འཛམ་གླིང་ནང་ གསལ་སྟོན་འབད་ཚུགས་ཡོདཔ་ད་ འདས་པའི་ལ་ངོ་བཅུ་ཕྲག་༥ འི་ གྲུབ་འབྲས་ཚུ་ བརྩི་སྲུང་འབདཝ་དང་འབྲེལ་ མ་འོངས་པ་ལུ་ཡང་ ཡུན་བརྟན་སྦེ་ ལྟ་བཤལ་གནས་ཚུགསཔ་སྦེ་ བཞག་ནིའི་མདུན་སྐྱོད་ཚུ་ཡང་ བལྟ་དགོ་ཟེར་ བླན་ཆེན་གྱིས་ བཤདཔ་ཨིན་པས།
བཟོ་གྲྭ་ཚང་འབྲེལ་དང་ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ལོ་༡༩༧༤ ལུ་ འབྲུག་གིས་ ལྟ་བཤལ་འགོ་དང་པ་ གཞི་བཙུགས་འབད་དེ་ འཛམ་གླིང་ནང་ ས་གོ་གསལ་སྟོན་འབད་ཚུགས་མི་དེ་ ཁྱད་དུ་འཕགས་པ་ཅིག་ཨིན་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ཀྱི་ དུས་སྟོན་བརྩི་སྲུང་དེ་ འབྲུག་ལུ་འོང་མི་ ལྟ་བཤལཔ་ཚུ་གི་ རྗེས་དྲན་ལུ་ཨིན་པའི་ཁར་ རྒྱལ་ཁབ་ཀྱི་ ལྟ་བཤལ་ལས་སྡེ་ལུ་ ལྷན་ཐབས་འབད་མི་ ག་རའི་དོན་ལུ་ཨིན་ཟེར་ཨིན་པས།
སྤྱི་ལོ་༡༩༧༤ ལས་ འགོ་བཙུགས་ཏེ་ འབྲུག་གི་རང་བཞིན་མཛེས་ཆ་དང་ རང་ལུགས་ལམ་སྲོལ་ཕྱུགཔོ་ཡོད་མི་ ཆོས་ལུགས་སྒྲིང་སྒྲི་ དེ་ལས་ མགྱོནམ་ཚུ་ལུ་ ཁྱད་དུ་འཕགས་པའི་ཉམས་མྱོང་ཚུ་ འཕྲོ་མཐུད་ཐོབ་བཞིན་དུ་ཡོད་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དགའ་སྐྱིད་དེ་ གོང་འཕེལ་གྱི་ ནང་དོན་ཅིག་སྦེ་ མཉམ་སྡེབ་དང་ འཛམ་གླིང་ནང་ ཀར་བཱོན་མེད་པའི་ རྒྱལ་ཁབ་ཅིག་ཨིནམ་བཞིན་དུ་ འབྲུག་གིས་ ལྟ་བཤལཔ་ཚུ་ལུ་ གཞན་དང་མ་འདྲ་བའི་ ཉམས་མྱོང་ཚུ་ གང་དྲག་བྱིན་ནི་ཡོད་ཟེར་ཨིན་པས།
ལྟ་བཤལ་གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབདཝ་དང་འབྲེལ་ ལྟ་བཤལ་ལས་ཁུངས་ཀྱིས་ འབྲེལ་ཡོད་ལས་སྡེ་དང་ སྒེར་སྡེ་ཚུ་ མཉམ་འབྲེལ་ཐོག་ལས་ གོ་བརྡའི་ལས་རིམ་ཚུ་གི་ཐོག་ལས་ ལས་སྣ་ཁག་མ་འདྲཝ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༨ པའི་ནང་ འབྲུག་ལུ་འགོ་དང་པ་ཨིན་མི་ ལྟ་བཤལ་གཟེངས་ཐོན་དང་ འབྲུག་གི་ལྟ་བཤལ་ལས་སྡེ་ནང་ གསར་བཏོན་མཆོག་འགྱུར་གྱི་ ལས་རིམ་ཅིག་ཡང་ བརྩི་སྲུང་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལས་ཁུངས་ཀྱིས་ འབྲུག་ལས་ གསལ་བཤདཔ་ཚུ་ འབོ་ཞིནམ་ལས་ ལྟ་བཤལ་དང་འབྲེལ་བའི་ གནད་དོན་ ཡུན་བརྟན་དང་ མ་འོངས་ལས་འགུལ་ལ་སོགས་པ་ཐོག་ལུ་ ཊི་ཌི་ཨེསི་གསལ་བཤད་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་མ་ཚད་ ལས་རིམ་ཚུ་ འཛམ་གླིང་ནང་ཡོད་པའི་ གཞུང་ཚབ་ཡིག་ཚང་ཚུ་ནང་ཡང་ བརྡ་བརྒྱུད་ཚུ་ འབོ་ཞིནམ་ལས་ འབྲུག་ལྟ་བཤལ་གྱི་ འདས་པ་དང་ མ་འོངས་པའི་ཚོང་འབྲེལ་སྐོར་ལས་ བཤད་བྱིན་ནི་དང་ རྫོང་ཁག་ཚུ་ལུ་ཡང་ འདས་པའི་ལོ་ངོ་༥༠ འི་ནང་འཁོད་ལུ་ ལྟ་བཤལཔ་ཚུ་གིས་ ག་ཅི་ར་ འབད་ཡི་གའི་སྐོར་ལས་ བཤད་ནི་གི་ལཱ་ཚུ་ འབད་དོ་ཡོདཔ་ཨིན་པས།
ལས་རིམ་གཞན་ཚུ་ཡང་ ཡིག་འགྲུལ་གསརཔ་ འགོ་འབྱེད་འབད་ནི་དང་ སེམས་ཤུགས་ཀྱི་ ལས་རིམ་འགོ་བཙུགས་ནི་ཨིནམ་ད་ མགྱོནམ་གྱི་ཉམས་མྱོང་ནང་ ལྟ་བཤལ་གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་ནང་ བཙུགས་ནིའི་དོན་ལས་ ལྟ་བཤལ་ལས་ཁུངས་དང་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
འདས་པའི་ལོ་ཚུ་ནང་ ལྟ་བཤལཔ་ལེ་ཤ་ཅིག་ར་ འབྲུག་ལུ་འོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༩ ལུ་ ལྟ་བཤལཔ་༣༢༠,༠༠༠ འོང་ཡོདཔ་ད་ འབྲུག་འདི་ ལྟ་བཤལཔ་ཚུ་ལས་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བསྡུ་ལེན་འབད་མི་ རྒྱལ་ཁབ་དང་པ་ཨིནམ་བཞིན་དུ་ ད་རེས་ ལྟ་བཤལཔ་ཚུ་ལས་ སྡོད་ཞག་རེ་ལུ་ ཡུ་ཨེསི་ཌོ་ལར་༡༠༠ རེ་ ལེན་དོ་ཡོདཔ་ཨིན་པས།
ཡུན་བརྟན་གོང་འཕེལ་གྱི་འཐུས་ཚུ་ཡང་ ལས་སྣ་ཁག་མ་འདྲཝ་ རྒྱལ་ཁབ་ཀྱི་ མཐའ་འཁོར་ཉམས་སྲུང་དང་ རང་ལུགས་ཀྱི་ལམ་སྲོལ་རྒྱུན་སྐྱོང་ གསོ་བའི་ཞབས་ཏོག་རིན་མེད་སྟོང་པར་བྱིན་ནི་ འབྲུག་མི་ག་ར་ལུ་ཤེས་ཡོན་བྱིན་ནི་ དེ་ལས་ མི་སྡེའི་ནང་ ཁེ་ཕན་འབྱུང་ཚུགས་པའི་ ཡུན་བརྟན་གོང་འཕེལ་གྱི་ ལས་འགུལ་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།