༉ འབྲུག་གིས་ མ་འོངས་ལོ་ངོ་༡༥ འི་ནང་འཁོད་ལུ་ གློག་མེའི་ནུས་ཤུགས་གཞི་སྒྱུར་འབད་དེ་ ཁ་སྐོང་གློག་ཤུགས་མེ་ག་ཝཱཊ་༡༥,༠༠༠ དང་ ཉི་དྲོད་གློག་ཤུགས་མེ་ག་ཝཱཊ་༥,༠༠༠ ལས་༦,༠༠༠ གི་བར་ན་ ཐོན་སྐྱེད་འབད་ནིའི་ རེ་བ་ཡོདཔ་ཨིན་པས།
ད་རེས་ནངས་པ་ གློག་ཤུགས་མེ་ག་ཝཱཊ་༢,༥༠༠ ལག་ལེན་འཐབ་བཞིན་ཡོད་པའི་ཁར་ མེ་ག་ཝཱཊ་༣,༠༠༠ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ འབྲུག་གིས་ གློག་ཤུགས་མེ་ག་ཝཱཊ་༣༠,༠༠༠ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཨིན་རུང་ འཆར་གཞི་འགྲུབ་ནིའི་དོན་ལུ་ མ་རྩ་ལེ་ཤ་དགོཔ་བཞིན་དུ་ འཆར་དངུལ་ཡུ་ཨེསི་ཌོ་ལར་ཐེར་འབུམ་༢༦ དང་ ཡང་ཅིན་ ལོ་བསྟར་ཡུ་ཨེསི་ཌོ་ལར་ཐེར་འབུམ་༡.༥ ལས་༡.༦ དགོས་མཁོ་ཡོདཔ་ད་ དེ་ཡང་ འབྲུག་གི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༣ བཟོ་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པས།
ད་རེས་ གློག་མེའི་ནུས་ཤུགས་ཡོད་མི་དེ་ སྤྱིར་བཏང་འོས་འབབ་ཡོད་མི་ལས་ བརྒྱ་ཆ་༨ རྐྱངམ་གཅིག་གི་རྩིས་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ འབྲུག་ལུ་ གློག་ཤུགས་མཁོ་མངགས་འབད་མི་ཡོདཔ་བཞིན་དུ་ ད་རེས་ རྒྱ་གར་ལུ་ གློག་ཤུགས་བརྒྱ་ཆ་༦༠-༧༠ རྐྱངམ་གཅིག་ ཕྱིར་ཚོང་འབད་ཚུགས་ཏེ་ཡོདཔ་མ་ཚད་ གནམ་དགུན་ལུ་ ནང་འཁོད་ལུ་ གློག་ཤུགས་མཁོ་མངགས་ གྲུབ་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནམ་དགུན་ལུ་ གློག་མེའི་ནུས་ཤུགས་ བཞི་དཔྱ་༡ དང་ ཡང་ཅིན་ ལྔ་དཔྱ་༡ རྐྱངམ་གཅིག་ ལག་ལེན་འཐབ་དོ་ཡོདཔ་ད་ མ་གཞི་ མེ་ག་ཝཱཊ་༢,༥༠༠ གཞི་བཙུགས་འབད་ཡོད་རུང་ གནམ་དགུན་ལུ་ མེ་ག་ཝཱཊ་༥༤༠ རྐྱངམ་གཅིག་ཐོན་སྐྱེད་འབད་དོ་ཟེར་ཨིན་པས།
འདས་པའི་ལོ་༢ ལས་འགོ་བཙུགས་ཏེ་ གློག་ཤུགས་ཐོན་སྐྱེད་མར་བབས་དང་ མཁོ་མངགས་འབད་མི་དེ་ བརྒྱ་ཆ་ལས་༡༠༠ ཡར་སེང་སོང་ཡོདཔ་ད་ དེ་ཡང་ མེ་ག་ཝཱཊ་༤༥༠ ལས་༩༠༠ ལུ་ ཡར་འཕར་སོང་ཡོདཔ་ཨིན་པས།
དུས་ཅི་ མེ་ག་ཝཱཊ་༡,༡༠༠ དང་ སང་ཕོད་ལས་ གློག་ཤུགས་མཁོ་མངགས་འབད་མི་དེ་ མེ་ག་ཝཱཊ་༡,༦༠༠ ལུ་ ཡར་སེང་འགྱོ་ནི་བཟུམ་ཅིག་ཡོདཔ་ད་ སྤྱི་ལོ་༢༠༣༤ གི་ནང་འཁོད་ལུ་ མེ་ག་ཝཱཊ་༣,༥༠༠ དང་ སྤྱི་ལོ་༢༠༤༠ ནང་འཁོད་ལུ་ མེ་ག་ཝཱཊ་༤,༠༠༠ ལུ་ ཡར་སེང་འགྱོ་འོང་ཟེར་ཨིན་པས།
སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ གློག་མེའི་ནུས་ཤུགས་མེ་ག་ཝཱཊ་༤,༠༠༠ འགྲུབ་ནིའི་དོན་ལུ་ འབྲུག་གིས་ གློག་ཤུགས་མེ་ག་ཝཱཊ་༢༠,༠༠༠ ལས་༢༥,༠༠༠ ལུ་ ཡར་འཕར་གཏང་དགོཔ་ཡོདཔ་ལས་ དེ་ནང་ ནུས་ཤུགས་སྲིད་བྱུས་དང་ ནུས་ཤུགས་སྣ་མང་ ཉི་དྲོད་གློག་ཤུགས་ལ་སོགས་པའི་ ཐབས་ལམ་ཚུ་ བཏོན་དགོ་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་ བཤདཔ་ཨིན་པས།
འབྲུག་གིས་ སྒེར་སྡེ་ཚུ་ལུ་ མ་རྩ་གཞི་བཙུགས་འབད་ནི་ལུ་ སེམས་ཤུགས་བྱིན་ནི་ འཆར་གཞི་ཡོདཔ་ད་ བགོ་བཤའ་བརྒྱ་ཆ་༤༩ གློག་མེ་ལས་འགུལ་ བཙུགས་བཅུག་ནི་ཨིནམ་ད་ ཉི་དྲོད་ལས་འགུལ་ནང་ བདག་དབང་ཧྲིལ་བུམ་བྱིན་ནི་ཨིན་པས།
འབྲུག་གི་གློག་མེ་ལས་འགུལ་ མང་ཤོས་ཅིག་ རྒྱ་གར་དང་ ཟུང་ཕྱོགས་གན་ཡིག་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ རྒྱལ་ཁབ་ཀྱིས་ ལས་སྡེ་གཞན་ཚུ་ལས་ སྣ་མང་སྦེ་ མ་རྩ་གཞི་བཙུགས་འབད་ནི་ལུ་ འཚོལ་ཞིབ་འབད་དོ་ཡོདཔ་ཨིན་པས།
དྲགོས་ཚེ་དབང་རིག་འཛིན་གྱིས་ འབྲུག་གི་མཉམ་འབྲེལ་སྦོམ་ཤོས་ རྒྱ་གར་དང་ འཕྲོ་མཐུད་དེ་འབད་ནི་སྦེ་ དོགས་སེལ་འབད་ཡོདཔ་ད་ རྒྱལ་ཁབ་ཀྱི་ མ་རྩ་གཞི་བཙུགས་དང་ ལས་འགུལ་གཞི་རྟེན་ སྣ་མང་དགོས་མཁོ་ཡོདཔ་ལས་ དེ་གིས་ སྤྱི་ལོ་༢༠༣༥ དང་ ཡང་ཅིན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ འབྲུག་གིས་ ནང་འཁོད་དང་ ལུང་ཕྱོགས་ཀྱི་མཁོ་མངགས་ཚུ་ འགྲུབ་ཚུགས་ཟེར་ཨིན་པས།
ད་རེས་ འབྲུག་གིས་ ནུས་ཤུགས་བརྒྱ་ཆ་༨༠ དེ་ཅིག་ བཟོ་གྲྭ་ཁང་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་ད་ ལྷག་ལུས་བརྒྱ་ཆ་༡༥-༢༠ ཁྱིམ་གུང་ཚུ་གིས་ ལག་ལེན་འཐབ་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་ལུ་ ཡུན་བརྟན་ཐོན་སྐྱེད་རྐྱངམ་གཅིག་ཡོདཔ་ལས་ གཞུང་གིས་ གློག་མེ་ལས་འགུལ་ནང་ བགོ་བཤའ་བརྒྱ་ཆ་ལས་༡༠༠ སྒེར་སྡེ་ལུ་ བདག་དབང་བྱིན་ནི་མིན་འོང་ནི་ཨིནམ་ད་ རྩ་ཁྲིམས་ཆེན་མོའི་ནང་ རང་བཞིན་ཐོན་སྐྱེད་ཚུ་ མི་ག་ར་གི་ཨིནམ་སྦེ་ གསལ་བཀོད་འབད་དེ་ཡོདཔ་ལས་ མི་དག་པ་ཅིག་གི་ ལག་པ་ཚུད་ནི་ མི་འོང་ཟེར་ཨིན་པས།
དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ གནམ་གཤིས་འགྱུར་བགྲོད་ཀྱིས་ གཙང་ཆུའི་གནས་སྟངས་ལུ་ བར་ཆད་རྐྱབ་སྟེ་ཡོདཔ་ཨིན་རུང་ གཙང་ཆུ་འབབ་ནི་དེ་ ཡར་སེང་འགྱོ་ནི་ རེ་བ་བསྐྱེད་དེ་ཡོད་ཟེར་ཨིན་པས།
གཞུང་གིས་ གནམ་དགུན་གྱི་ མཁོ་མངགས་གྲུབ་ཐབས་ལུ་ ཆུ་མཛོད་ཁང་ལས་འགུལ་ནང་ མ་རྩ་གཞི་བཙུགས་འབད་ནི་གི་ འོས་འབབ་ཚུ་ཡང་ ལྟ་དོ་ཟེར་ཨིན་པས།
དམིགས་ཡུལ་དེ་ གྲུབ་ཐབས་ལུ་ ཆུའི་བཀག་ར་དང་ མཛོད་ཁང་གསརཔ་ དེ་ལས་ བཀྲམ་སྤེལ་ལམ་དང་ ནུས་ཤུགས་གསོག་འཇོག་གི་ ལམ་ལུགས་ཚུ་བརྩིས་ཏེ་ མཐུན་རྐྱེན་ཚུ་ནང་ མ་རྩ་སྦོམ་སྦེ་ར་ བཙུགས་དགོ་ནི་ཨིན་པས།
འབྲུག་གི་ ནག་རླུང་ཉུང་སུ་དང་ ཡུན་རིང་འོང་འབབ་ཀྱི་ འོས་འབབ་ཡོད་མི་གིས་ གློག་མེ་ལས་སྡེ་ཚུ་ མ་རྩ་བཙུགས་མི་ཚུ་གི་དོན་ལུ་ གོ་སྐབས་བཟང་པོ་ཅིག་ལུ་འགྱུར་ཡོདཔ་ད་ སྲིད་དོན་བརྟན་ཏོག་ཏོ་དང་ ཡུན་བརྟན་གྱི་ ཁས་བླངས་སྒྲིང་སྒྲི་ཡོད་མི་གིས་ ཕྱི་རྒྱལ་ལས་ འབྲུག་ལུ་ མ་རྩ་བཙུགས་ནི་གི་སེམས་ཤུགས་ ཧེང་སྐལ་ར་ ཡར་སེང་འགྱོ་ནི་ཨིན་པས།
འཛམ་གླིང་དངུལ་ཁང་སྡེ་ཚན་གྱི་ ལྷོ་ཨེ་ཤི་ཡ་གི་གཙོ་འཛིན་འོགམ་ མར་ཊིན་རའི་སཱར་གྱིས་ འབྲུག་གི་གློག་མེ་ལས་སྡེ་ལུ་ མ་རྩ་གཞི་བཙུགས་དང་ མཐུན་རྐྱེན་དགོས་མཁོ་ མཐའ་འཁོར་ཉམས་སྲུང་ གློག་མེ་ཐོན་ཁུངས་སྣ་མང་ དེ་ལས་ མ་དངུལ་གྱི་ཐོན་ཁུངས་སྣ་མང་ཚུ་བརྩིས་ཏེ་ དཔལ་འབྱོར་གྱི་གནོད་པ་ཚུ་གི་སྐོར་ལས་ གསལ་ཞུ་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་དངུལ་གྱི་དཔེ་སྟོན་ སྣ་ཚོགས་དགོཔ་ཡོདཔ་ད་ འབྲུག་གི་གློག་མེ་གི་ འོས་འབབ་ཚུ་ གྲུབ་ཐབས་ལུ་ གོ་སྐབས་འབྲེལ་མཐུན་ བཟོ་དགོཔ་ཁག་ཆེ་བའི་ཁར་ ལོ་ངོ་མང་རབས་ཅིག་གི་རིང་ འཛམ་གླིང་དངུལ་ཁང་གིས་ རྒྱལ་ཁབ་༦༨ ནང་ ཆུར་བརྟེན་གློག་མེ་ལས་འགུལ་ཚུ་ནང་ མ་རྩ་ཡུ་ཨེསི་ཌོ་ལར་ཐེར་འབུམ་༡༧ གཞི་བཙུགས་འབད་ནུག་ཟེར་ཨིན་པས།
ལུང་ཕྱོགས་གནས་སྟངས་ལུ་བརྟེན་ འཛམ་གླིང་དངུལ་ཁང་གིས་ འབྲུག་ལུ་ མ་དངུལ་གྱི་རྒྱབ་སྐྱོར་ ཡུ་ཨེསི་ཌོ་ལར་ས་ཡ་༦༠༠ ལུ་ ཚད་དང་ལྡནམ་སྦེ་ ཡར་སེང་འབད་ནི་ལུ་ འཚོལ་ཞིབ་འབདཝ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement