༉ རྒྱལ་ཡོངས་གསོ་བའི་བརྟག་ཞིབ་སྙན་ཞུ་༢༠༢༣ ཅན་མ་དང་འཁྲིལ་བ་ཅིན་ འབྲུག་གིས་ ཨ་ལུ་དང་ ཨའི་ལུ་ཤི་རྐྱེན་བྱུང་མི་དེ་ དྲན་རྟགས་ཅན་ཅིག་སྦེ་ར་ མར་ཕབ་འབད་ཚུགས་ཏེ་ ཡོདཔ་ཨིན་པས།
ཨའི་ལུ་ཤི་རྐྱེན་བྱུང་མིའི་ གནས་ཚད་ཡང་ སྤྱི་ལོ་༢༠༡༢ ལས་༢༠༢༣ གྱི་བར་ན་ ཨ་ལུ་༡༠༠,༠༠༠ རེ་ལུ་ བརྒྱ་ཆ་༨༦ ལས་ བརྒྱ་ཆ་༥༣ ལུ་ མར་ཕབ་སོང་སྟེ་ཡོདཔ་ད་ སྨན་ཁང་ནང་ ཨ་ལུ་སྐྱེས་མི་དེ་ བརྒྱ་ཆ་༧༣.༧ ལས་ བརྒྱ་ཆ་༩༨ ལུ་ ཡར་སེང་སོང་མི་ལུ་ བལྟ་བ་ཅིན་ གསོ་བའི་མཐུན་རྐྱེན་ལུ་བརྟེན་ ཨ་ལུ་སྐྱེ་ནི་ལུ་དང་འདོད་བསྐྱེད་མི་ ཡར་སེང་སོང་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༢༣ གྱི་ གསོ་བའི་བརྟག་ཞིབ་སྙན་ཞུ་ནང་ཡང་ ཨ་ལུ་གསར་སྐྱེས་ བརྒྱ་ཆ་༨༡. གིས་ སྐྱེཝ་ཅིག་ར་ རང་སོའི་ཨའི་གི་ གཟུགས་དང་གཅིག་གིས་གཅིག་ འབྲེལ་བ་འཐབ་ཚུགས་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་བཞིན་དུ་ ལམ་ལུགས་དེ་ལུ་ ཀེང་ག་རུ་གཅེས་སྐྱོང་ལག་ལེན་ཟེར་ཡང་ སླབ་དོ་ཡོདཔ་ཨིན་པས།
ཐབས་ལམ་དེ་ གལ་ཅན་ཨིན་མི་དེ་ཡང་ ཨ་ལུ་གསར་སྐྱེས་ཀྱི་ གཟུགས་ཀྱི་དྲོད་ཤུགས་དང་ དོན་ཧིང་ དེ་ལས་ གཞན་གལ་ཆེ་བའི་ ཡན་ལག་ཚུ་ རྒྱུན་བརྟན་བཞག་ནི་དང་ ལག་ལེན་འདི་གི་ཐོག་ལས་ གཟུགས་ཁམས་ལྷན་ཐབས་དང་ ཨ་ལུ་དང་ཨའི་གི་བར་ནའི་ མཐུན་ལམ་གོང་འཕེལ་གཏང་ནི་ལུ་ཡང་ ཁེ་ཕན་བྱུང་ཚུགས་ནི་ཨིན་པས།
ཀེང་ག་རུ་གཅེས་སྐྱོང་གིས་ ཨའི་གི་ཨ་ལུ་ལུ་ ཨོམ་བྱིན་ནི་ཡར་དྲག་དང་ ཨ་ལུ་སྐྱེས་ཚར་ཞིནམ་ལས་ ཨའི་ལས་ཁྲག་ཐོན་ནི་ མར་ཕབ་འབད་ནི་ལུ་ ལྷན་ཐབས་བྱུང་ཚུགས་ནི་ཨིན་པས།
ཨ་ལུ་ཤི་རྐྱེན་བྱུང་མི་ གནས་ཚད་ཡང་ རྒྱ་ཆེ་དྲགས་སྦེ་ མར་བབས་སོང་སྟེ་ཡོདཔ་ད་ ཨ་ལུ་གསར་སྐྱེས་༡,༠༠༠ རེ་ནང་ ཟླཝ་༡ གི་ནང་འཁོད་ ཤི་རྐྱེན་བྱུང་མི་ ཨ་ལུ་གསར་སྐྱེས་ གནས་ཚད་བལྟཝ་ད་ སྤྱི་ལོ་༢༠༡༢ ལུ་༢༡ ལས་ སྤྱི་ལོ་༢༠༢༣ ལུ་༦.༩ ལུ་ མར་བབས་སོང་ནུག།
དེ་བཟུམ་སྦེ་ ཨ་ལུ་ཆུང་ཀུ་ ཤི་རྐྱེན་གྱི་ གནས་ཚད་ཡང་༣༠ ལས་༡༥.༢ ལུ་ མར་བབས་སོང་ཡོདཔ་ད་ སྐྱེས་ལོ་༥ འོག་རྒྱུ་གི་ ཨ་ལུ་ཤི་རྐྱེན་གྱི་ གནས་ཚད་དེ་ ཕྱེད་ཀ་དེ་ཅིག་ར་ མར་བབས་སོང་ཡོདཔ་ཨིན་པས།
རིག་རྩལ་ཅན་གྱི་ གསོ་བའི་ལས་བྱེདཔ་ཚུ་གིས་ ཨ་ལོ་གསར་སྐྱེས་ནང་ གྲལ་གཏོགས་འབད་མི་ བརྒྱ་ཆ་༧༤.༦ ལས་༩༨.༥ ལུ་ ཡར་འཕར་སོང་ཡོདཔ་སྦེ་ཨིན་པས།
དེ་ཡང་ ཨ་ལུ་གསར་སྐྱེས་ཀྱི་ གསོ་བའི་འཕྲོད་བསྟེན་ལྷན་ཐབས་དང་ ཨ་ལོ་གསར་སྐྱེས་དེ་ སྦྱོང་བརྡར་ཅན་གྱི་ ཁྱད་རིག་ཚུ་གིས་ འཛིན་སྐྱོང་འཐབ་ནི་སྦེ་ ཁས་ལེན་འབད་མི་ལུ་བརྟེན་ཨིན་པས།
གསོ་བ་ལྷན་ཁག་ལས་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཨ་ལུ་དང་ ཨའི་ལུ་ཤི་རྐྱེན་ མར་ཕབ་འབད་ཚུགས་མི་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་གིས་ ལཱ་རྩ་འགེངས་ཏེ་འབད་མི་དང་ མི་སྡེ་ལས་ རྒྱབ་སྐྱོར་ཐོབ་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ འབྲུག་གི་རྩོལ་སྒྲུབ་ནང་ ཨ་ལུ་མ་སྐྱེས་བའི་ཧེ་མར་གཅེས་སྐྱོང་དང་ སྐྱེ་འགོག་ ནད་བཀག་སྨན་ཁབ་ གློ་བུར་སྐྱེ་གནས་དང་ ཨ་ལུ་གསར་སྐྱེས་གཅེས་སྐྱོང་ལ་སོགས་པ་ཚུ་ནང་ཡང་ བཀོད་དེ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༠༥ ལས་ འགོ་བཙུགས་ཏེ་ གསོ་བ་ལྷན་ཁག་གིས་ ཨ་ལུ་ཚུ་ སྨན་ཁང་ནང་ར་ བརྒྱ་ཆ་ལས་བརྒྱ་སྦེ་ སྐྱེས་ནི་ལུ་ ངེས་བརྟན་འབད་དེ་ཡོདཔ་ལས་ ཨ་ལུ་ཚུ་ལུ་ ཤི་རྐྱེན་བྱུང་མི་དེ་ མར་བབས་སོང་ཡོདཔ་ཨིན་པས།
མི་སྡེ་མཐུན་རྐྱེན་ འཁོར་ལམ་གྱི་ཞབས་ཏོག་ལྷོད་མི་དང་ ཤེས་ཡོན་གནས་ཚད་ཡར་དྲག་ དེ་ལས་ མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་བརྟེན་ ཨ་ལུ་ཤི་རྐྱེན་གྱི་ ཚད་གཞི་མར་ཕབ་འབད་ཚུགས་ཏེ་ ཡོདཔ་ཨིན་པས།
གསོ་བ་ལྷན་ཁག་གིས་ ཨ་ལུ་དང་ ཨའི་ཤི་རྐྱེན་མེདཔ་བཟོ་ནིའི་ དམིགས་ཡུལ་ཡོདཔ་ད་ གསོ་བའི་འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ད་ལྟོ་ཡོད་པའི་ མཐུན་རྐྱེན་ཚུ་གིས་ ལྷག་པར་དུ་ ཡར་དྲག་འགྱོ་འོང་ཟེར་ཨིན་པས།
གདོང་ལེན་གཙོ་བོ་ར་ ལ་མཐོ་སའི་ མི་སྡེ་ནང་ གསོ་བའི་མཐུན་རྐྱེན་མེདཔ་ལས་ དཀའ་ངལ་ཚུ་ བྱུང་དོ་ཡོདཔ་ད་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ལས་ཚོགས་ཀྱིས་ ཨ་ལུ་དང་ ཨའི་ཤི་རྐྱེན་མར་ཕབ་འབད་ནིའི་ འགན་ཁུར་འབག་སྟེ་ ཡོད་པའི་ཁར་ གསོ་བ་ལྷན་ཁག་ལུ་ ཐབས་རིག་གི་རྒྱབ་སྐྱོར་དང་ ལམ་སྟོན་ཚུ་ འབད་དོ་ཟེར་ཨིན་པས།
འཛམ་གླིང་ནང་ སྤྱི་ལོ་༢༠༣༠ གི་ ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་དེ་ཡང་ ཨ་ལུ་སྐྱེསཝ་ད་ ཨའི་ཤི་རྐྱེན་བྱུང་མི་གི་ ཚད་གཞི་དེ་ བརྒྱ་ཆ་༧༠ འོག་རྒྱུ་བཞག་ནི་ཨིནམ་ལས་ འབྲུག་གིས་ དམིགས་ཡུལ་དེ་ གྲུབ་ཚུགས་ཏེ་ ཡོདཔ་ཨིན་པས།
འཛམ་གླིང་གི་ ཨའི་ལུ་ཤི་རྐྱེན་གྱི་ཆ་ཚད་དེ་ སྤྱི་ལོ་༢༠༢༠ ལུ་ ཨ་ལུ་གསར་སྐྱེས་༡༠༠,༠༠༠ ལས་ ཨའི་ལུ་ཤི་རྐྱེན་གྱི་ཆ་ཚད་༢༢༣ གྱི་ ཕོག་ཚད་བསྐྱེད་མི་དེ་ཡོདཔ་ད་ སྤྱི་ལོ་༢༠༠༠ ལུ་འབད་བ་ཅིན་ ཨའི་༣༣༩ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
འཛམ་གླིང་གསོ་བའི་ལས་ཚོགས་དང་ འཁྲིལ་བ་ཅིན་ སྤྱི་ལོ་༢༠༠༠ ལུ་ ཨ་ལུ་ཆགས་མི་ཚེ་ ཨ་ལུ་སྐྱེས་བའི་སྐབས་ ཨམ་སྲུ་༢༨༧,༠༠༠ ལུ་ ཤི་རྐྱེན་བྱུང་ཡོད་མི་ལས་ བརྒྱ་ཆ་༩༥ དེ་ འོང་འབབ་ཆུང་བ་དང་བར་མའི་ རྒྱལ་ཁབ་ནང་ བྱུང་སྟེ་ཡོདཔ་བཞིན་དུ་ མང་ཤོས་ཅིག་ བཀག་ཐབས་འབད་ཚུགས་ཚུགསཔ་འོང་ནི་ཨིན་པས།
ཤི་རྐྱེན་བྱུང་མི་ མང་ཤོས་ཅིག་ ཨ་ལུ་མ་སྐྱེས་པའི་ཧེ་མ་དང་ ཨ་ལོ་སྐྱེས་ཚར་བའི་ཤུལ་ལུ་ གཅེས་སྐྱོང་ལེགས་ཤོམ་ འབད་བ་ཅིན་ བཀག་ཐབས་འབད་ཚུགས་ནི་ཨིན་པས།
སྤྱི་ལོ་༡༩༩༠ ལས་ཚུར་ འཛམ་གླིང་ནང་ ཨ་ལུ་སྐྱེས་ལོ་༥ འོག་རྒྱུ་ལུ་ ཤི་རྐྱེན་གྱི་ གནས་ཚད་དེ་ བརྒྱ་ཆ་༩༣ ལས་༥༩ ལུ་ མར་བབས་སོང་ཡོདཔ་ད་ ཨ་ལུ་གསར་སྐྱེས་ ཤི་རྐྱེན་ས་ཡ་༥.༢ ལས་ སྤྱི་ལོ་༢༠༢༢ ལུ་ ཨ་ལོ་ས་ཡ་༢.༣ ལུ་ མར་བབས་སོང་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement