བཟའ་འཐུང་སོ་ནམ་ལས་ཚོགས་ ཡོངས་ཁྱབ་མདོ་ཆེན་དེ་ འབྲུག་ལུ་ ཉིན་གྲངས་༢ ཀྱི་ གཞུང་འབྲེལ་ལྟ་སྐོར་ནང་ ལྷོད་དེ་ཡོདཔ་ཨིན་པས།

༉ ཁ་ཙ་ འཛམ་གླིང་རྒྱལ་སྤྱིའི་ བཟའ་འཐུང་སོ་ནམ་ལས་ཚོགས་(ཨེཕ་ཨེ་ཨོ་)ཀྱི་ ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་ ཀིའུ་ཡུ་ ཌོན་གུ་དེ་ འབྲུག་ལུ་ ཉིན་གྲངས་༢ ཀྱི་ གཞུང་འབྲེལ་ལྟ་སྐོར་ནང་ ལྷོད་དེ་ཡོདཔ་ཨིན་པས།
དེ་ཡང་ སོ་ནམ་མཉམ་འབྲེལ་སྒྲིང་སྒྲི༌དང༌ ཡུན་བརྟན་བཟང་འཐུང་ལམ་ལུགས་ མདུན་སྐྱོད་འབད་ནི་ལུ་དམིགས་ཏེ་ཨིན་པས།
ཡོངས་ཁྱབ་མཐོ་ཆེན་དང་གཅིག་ཁར་ འཐའ་འཐུང་སོ་ནམ་ལས་ཚོགས་ཀྱི་ ཆེ་མཐོའི་འགོ་དཔོན་འོང་སྟེ་ ཡོདཔ་བཞིན་དུ་ ཡོངས་ཁྱབ་མདོ་ཆེན་གྱིས་ སོ་ནམ་ས་ཁོངས་ཚུ་ནང་ ལྟ་སྐོར་དང་ འབྲུག་པའི་འགོ་ཁྲིདཔ་ཚུ་དང་ གྲོས་བསྟུན་འབད་ནི་ ལས་རིམ་ཡོདཔ་ཨིན་པས།
གཞུང་འབྲེལ་ལྟ་སྐོར་ཡང་ ཨེཕ་ཨེ་ཨོ་གི་ རྒྱབ་སྐྱོར་རྩོལ་སྒྲུབ་གཙོ་བཏོན་ནི་དང་ འབྲུག་གིས་ ཡུན་བརྟན་བཟའ་འཐུང་ལམ་ལུགས་ཀྱི་ གྲུབ་འབྲས་ཡར་དྲག་ སྒོ་ནོར་སེམས་ཅན་གྱི་འཕྲོད་བསྟེན་གོང་འཕེལ་ དེ་ལས་ ས་གནས་ཚོང་འབྲེལ་ཡར་དྲག་གཏང་ནི་ལུ་ དམིགས་གཏད་བསྐྱེད་དེ་ཨིན་ཟེར་ ཨེཕ་ཨེ་ཨོ་གི་ གནས་ཚུལ་གསར་བཏོན་ནང་ བཀོད་དེ་འདུག།
ཨེཕ་ཨེ་ཨོ་གིས་ འབྲུག་དང་གཅིག་ཁར་ མཉམ་འབྲེལ་དེ་ སྤྱི་ལོ་༡༩༨༠ ལས་ སོ་ནམ་གོང་འཕེལ་གཏང་ནི་ལས་ འགོ་བཙུགས་ཡོདཔ་ད་ འདས་པའི་ལོ་ཚུ་གི་རིང་ མཉམ་འབྲེལ་དེ་ སྲིད་བྱུས་རྒྱབ་སྐྱོར་དང་ ལྕོགས་གྲུབ་གོང་འཕེལ་ ལུང་ཕྱོགས་མཉམ་འབྲེལ་ དེ་ལས་ གློ་བུར་གདོང་ལེན་ཚུ་ནང་ རྒྱ་སྐྱེད་འབད་ཡོདཔ་ཨིན་པས།
ད་ལྟོ་ཚུན་ཚོད་ ཨེཕ་ཨེ་ཨོ་གིས་ འབྲུག་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༣༥ གནས་པའི་ འཕྲུལ་རིག་མཉམ་འབྲེལ་ལས་རིམ་༡༠༠ དེ་ཅིག་ ལག་ལེན་འཐབ་ ཡོདཔ་ཨིན་པས།
འབྲུག་དང་ ནེ་པཱལ་གྱི་ ཨེཕ་ཨེ་ཨོ་གི་འཐུས་ཚབ་ ཀེམ་ཤི་མི་ཟུ་གིས་ སླབ་མིའི་ནང་ འབྲུག་ལུ་ ཨེཕ་ཨེ་ཨོ་གི་ ཡོངས་ཁྱབ་མདོ་ཆེན་ ལྟ་སྐོར་ནང་འོང་མི་དེ་ འབྲུག་དང་ ཨེཕ་ཨེ་ཨོ་གི་བར་ན་ མཉམ་འབྲེལ་ཡར་དྲག་གཏང་ནི་དང་ རྒྱལ་རབས་ཅིག་གི་ཉིནམ་ བརྩི་སྲུང་ཞུ་ནི་དེ་ཨིན་མས་ཟེར་ཨིན་པས།
ཉིནམ་དང་པའི་ནང་ ཡོངས་ཁྱབ་མདོ་ཆེན་དང་ ཆེ་མཐོའི་འགོ་དཔོན་ཚུ་གིས་ ཐིམ་ཕུག་ལུ་ མ་འོང་པའི་སྐབས་ སྤ་རོ་ལུ་ཡོད་པའི་ རྒྱལ་ཡོངས་སོན་ལྟེ་བ་ལུ་ ལྟ་སྐོར་འབད་ཡོདཔ་ཨིན་པས།
ལྟེ་བའི་ནང་ ཡོངས་ཁྱབ་མདོ་ཆེན་གྱིས་ གཞུང་འབྲེལ་ཐོག་ ནད་གཞི་མེདཔ་སྦེ་ ཤིང་འཛུགས་སྐྱོང་གི་ ཐོན་སྐྱེད་ལྷན་ཐབས་ལུ་ ཊི་ཤུ་ཀཱལ་ཅཱར་བརྟག་དཔྱད་འཕྲུལ་ཆས་ཅིག་ རྩིས་སྤྲོད་འབད་ཡོདཔ་ད་ ཨེཕ་ཨེ་ཨོ་གིས་ ལྟེ་བའི་ནང་ བརྟག་དཔྱད་ཁང་ རྒྱ་སྐྱེད་འབད་ནི་དང་ ནད་གཞི་མེད་པའི་ ཚལ་ལུ་ཐོན་སྐྱེད་མཛོད་ཁང་གཞི་བཙུགས་ དེ་ལས་ སོན་ཐོན་སྐྱེད་དང་སྤུས་ཚད་འཛིན་སྐྱོང་གི་སྦྱོང་བརྡར་འབད་འོང་ཟེར་ གནས་ཚུལ་གསརབཏོན་ནང་བཀོད་ནུག།
དེ་གིས་ སྤུས་ཚད་ལྡན་པའི་ སོན་འཐོབ་སྤྱོད་ངེས་བརྟན་བཟོ་སྟེ་ འབྲུག་གི་སོ་ནམ་ཐོན་སྐྱེད་དང་ བཟའ་འཐུང་ཉེན་སྲུང་ལུ་ ཕན་འདེབས་འབད་ཚུགས་ཟེར་ཨིན་པས།
སྤང་གི་ཚལ་ལུའི་ཞིང་ནང་ ཆེ་མཐོའི་འགོ་དཔོན་ཚུ་གིས་ གསར་བཏོན་ཅན་གྱི་ སོ་ནམ་ལས་འགུལ་ལུ་ ལྟ་སྐོར་འབད་ཡོདཔ་བཞིན་དུ་ ལས་འགུལ་དེ་ཡང་ ཨེཕ་ཨེ་ཨོ་གིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
འཕྲུལ་རིག་ལྡན་པའི་ སོ་ནམ་གྱི་དོན་ལུ་ ཁྲོམ་ཚོགས་ཀྱི་ས་སྒོ་ཚད་འཛིན་འབད་མི་ ལས་འགུལ་དེ་གིས་ ན་གཞོན་ཚོང་པ་ཚུ་ སོ་ནམ་གྱི་ལཱ་འབད་ནི་ལུ་ འཐུས་ཤོར་འབྱུང་ནི་གི་ དཔེ་སྟོན་ཅིག་སྦེ་ མཐོངམ་ཨིན་པས།
ཐིམ་ཕུག་ལུ་འབད་འབད་ཅིན་ འགོ་དཔོན་ཚུ་གིས་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་(བཀའ་རྒྱ)ལུ་ ལྟ་སྐོར་འབད་ཡོདཔ་ཨིན་པས།
དེ་ཡང་ ཡུན་བརྟན་གྱི་དཔལ་འབྱོར་གོང་འཕེལ་དང་ ཚོང་འབྲེལ་ཡར་དྲག་གཏང་ནི་ལུ་ ཁྲོམ་ཁར་འཛུལ་སྤྱོད་འབད་ནི་གི་ ཁག་ཆེ་བའི་འགན་ཁུར་ཚུ་ གསལ་སྟོན་འབད་ནི་གི་དོན་ལུ་ཨིན་པས།
དམིགས་བསལ་ ཨེཕ་ཨེ་ཨོ་གིས་ སོ་ནམ་དང་ ཚོང་འབྲེལ་མཉམ་འབྲེལ་ལས་ཁུངས་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ བརྩི་མཐོང་གོང་འཕེལ་དང་ སོ་ནམ་ཐོན་སྐྱེད་སྣ་མང་བཟོ་ནི་ དེ་ལས་ ཡུན་བརྟན་གྱི་ སོ་ནམ་བཟའ་འཐུང་ལམ་ལུགས་ནང་ མ་རྩ་གཞི་བཙུགས་འབད་ནིའི་དོན་ལུ་ མི་མང་དང་ སྒེར་སྡེ་མཉམ་འབྲེལ་ཚུ་ལུ་ སེམས་ཤུགས་བསྐྱེད་ནི་ལུ་ གཙོ་བོར་བཏོད་ནི་ཨིན་པས།
ད་རིས་ ཨེཕ་ཨེ་ཨོ་འགོ་དཔོན་ཚུ་གིས་ མི་དབང་མཆོག་དང་ མཇལ་ཕྲད་གནང་ནི་ ལས་རིམ་ཡོདཔ་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་ འོད་གསལ་སྤང་ལུ་ཡོད་པའི་ རྒྱལ་ཡོངས་སོ་ནམ་རང་བཞིན་གྱིས་ལྟེ་བ་དང་ ནང་བཟོ་དང་བཟོ་གྲྭ་ཆུང་ཚོང་ཁྲོམ་ གསར་སྦིས་ཐང་ རྒྱལ་ཡོངས་སེམས་ཅན་འཕྲོད་བསྟེན་ལྟེ་བ་ལ་སོགས་པ་ཚུ་ནང་ ལྟ་སྐོར་འབད་ནི་གི་ ལས་རིམ་ཡང་ ཡོདཔ་ཨིན་པས།
འབྲུག་དང་ ཨེཕ་ཨེ་ཨོ་མཉམ་འབྲེལ་ཐོག་ལས་ རྩོལ་སྒྲུབ་གཙོ་ཅན་༢ ཨ་ལུ་ཚུ་ལུ་ ཟས་བཅུད་ཡར་དྲག་གཏང་ཐབས་ལུ་ ཨ་ལུ་རེ་ལུ་སྒོང་རྡོག་རེའི་ལས་རིམ་དང་ ཡུན་བརྟན་སོ་ནམ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ འབྲུག་སོ་ནམ་ཡུན་བརྟན་མ་དངུལ་ འགོ་འབྱེད་འབད་ནི་ཨིན་པས།
འགོ་འབྱེད་དེ་ཡང་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ཡོངས་ཁྱབ་མདོ་ཆེན་༢ ཀྱིས་ འགོ་ཁྲིདཔ་འབད་ནི་ཨིན་པས།
ཨེཕ་ཨེ་ཨོ་གི་ འགོ་དཔོན་ཚུ་ ནངས་པ་ ལོག་འགྱོ་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement