༉ སྤྱི་ཟླ་༡ པའི་ཚེས་༢༢ ལས་༢༧ གྱི་བར་ན་ རྩེད་འགྲན་འབད་ནི་ཨིན་མི་ སྤྱི་ལོ་༢༠༢༥ གི་ ཨེ་ཤི་ཡེན་བོ་ལི་བཱོལ་ལྟེ་བའི་ལས་ཚོགས་ཀྱིས་འགོ་འདྲེན་ཐོག་ བྱེ་ཐང་(བིཆ)བོ་ལི་བཱོལ་རྒྱལ་རྟགས་ཀྱི་ རྩེད་འགྲན་དོན་ལུ་ འབྲུག་པའི་རྒྱལ་ཡོངས་སྡེ་ཚན་གྱིས་ ཁ་ཙ་ ཤྲིལངྐ་ལུ་ ལྷོད་ཡོདཔ་ཨིན་པས།
འབྲུག་གི་ཕོ་སྐྱེས་དང་ ཨམ་སྲུ་སྡེ་ཚན་གཉིས་འབད་མི་གིས་ གྲ་སྒྲིག་ཚུ་འབད་ཡོདཔ་ད་ སྡེ་ཚན་ཚུ་གིས་ ན་ཧིང་ སྤྱི་ཟླ་༨ པའི་ནང་ རྒྱལ་སྤྱིའི་བྱེ་ཐང་(བིཆ)བོ་ལི་བཱོལ་རྒྱལ་རྟགས་དེ་ ཐིམ་ཕུག་ལུ་ རྩེད་འགྲན་འབད་ཡོདཔ་ཨིན་པས།
འགྲན་བསྡུར་ནང་ ཨེ་ཤི་ཡེན་རྒྱལ་ཁབ་བདུན་ཡོད་མི་ལས་ རྩེད་འགྲན་འབད་མི་༤༤ འོང་ནི་དང་ དེ་ཡང་ འབྲུག་དང་ ཤྲི་ལངྐ་ ཨུཛ་བི་ཀིས་ཏཱན་ ཀི་ཛེསི་ཏཱན་ ཨི་རཱན་ ཀ་ཛ་ཀིསི་ཏཱན་ དེ་ལས་ མཱལ་དེབསི་ཚུ་ཡོདཔ་ཨིན་པས།
ཕོ་སྐྱེས་ཀྱི་སྡེ་ཚན་ རྩེད་འགྲན་འབད་མི་ སྐྱེས་ལོ་༢༧ ལང་མི་ ཚེ་རིང་རྡོ་རྗེ་གིས་ བཤད་མིའི་ནང་ བཅའ་མར་གཏོགས་མི་ཚུ་ལུ་ འདས་པའི་ཟླཝ་དག་པ་ཅིག་གི་རིང་ སྦྱོང་བརྡར་ཚུ་ལེགས་ཤོམ་ཐོབ་ཅི་ཟེར་ཨིནམ་ད་ རྩེད་འགྲན་འབད་ནི་ལུ་ བློ་བདོ་ཏོག་ཏོ་མཚམས་སྦེ་ ཡོད་ཟེར་ཨིན་པས།
མོང་སྒར་ལས་ཨིན་མི་ ཚེ་རིང་རྡོ་རྗེ་དེ་ རྒྱལ་ཁབ་ཀྱི་ རྩེད་འགྲན་འབད་མི་ ལྕོགས་གྲུབ་ཅན་ཅིག་ཨིནམ་ད་ ད་རེས་ ཤྲི་ལངྐ་ལུ་ རྩེད་འགྲན་འབད་མི་རྩིསཝ་ད་ ཁོ་གིས་ རྒྱལ་སྤྱི་རྩེད་འགྲན་ནང་ ཚར་༤ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
ང་ལུ་ བློ་སྤོབས་ཐོབ་པའི་ཁར་ རང་གི་ལྕོགས་གྲུབ་ཚུ་ བཏོན་ནི་ཨིན་ཟེར་ཨིནམ་ད་ ང་བཅས་ཀྱིས་ སློབ་སྟོན་འབད་མི་ཚུ་ལས་ སྦྱང་བ་ཚུ་ ལེགས་ཤོམ་སྦེ་ཐོབ་སྟེ་ཡོདཔ་ད་ ད་རེས་ རྩེད་འགྲན་ནང་ བཅའ་མར་གཏོགས་ནི་ལུ་ སྤྲོ་བ་ལང་སྟེ་ཡོད་ཟེར་ཨིན་པས།
ཁོ་གི་ སྡེ་ཚན་ཆ་རོགས་ རྩི་རང་ལས་ཨིན་མི་ སྐྱེས་ལོ་༡༨ ལང་མི་ འགྱུར་མེད་རང་གྲོལ་དེ་ ད་ལྟོ་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སློབ་རིམ་༡༠ པའི་ སློབ་སྦྱོང་འབད་མི་ཨིན་པས།
འགྱུར་མེད་རང་གྲོལ་གྱིས་ རྒྱལ་སྤྱིའི་རྩེད་འགྲན་འབད་ནི་དེ་ ན་ཧིང་ལས་འགོ་བཙུགས་ཡོདཔ་ད་ དེ་ཡང་ ཐིམ་ཕུག་ལུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཨམ་སྲུ་གི་སྡེ་ཚན་ནང་ མོང་སྒར་ལས་ཨིན་མི་ སྐྱེས་ལོ་༢༧ ལང་མི་ ལས་སྐྱིད་སྒྲོལ་མ་དང་ གཞལམ་སྒང་ལས་ སྐྱེས་ལོ་༢༡ ལང་མི་ བཟང་མོ་གཉིས་ཀྱིས་ རྒྱལ་ཁབ་ཀྱི་ངོ་རྟགས་ཚུ་ གསལ་སྟོན་འབད་ནི་ཨིན་པས།
ཁོང་གཉིས་ཆ་ར་ལུ་ རྒྱལ་སྤྱིའི་རྩེད་འགྲན་ནང་ ཚར་རེ་མ་གཏོགས་རྩེད་འགྲན་འབད་བའི་ ཉམས་མྱོང་མེདཔ་ད་ ཁོང་གི་ རྩེད་འགྲན་མཇུག་དེ་ ཐིམ་ཕུག་ལུ་ འདས་པའི་ཟླཝ་༥ གི་ཧེ་མར་ རྩེད་འགྲན་འབད་མི་དེ་ཨིན་པས།
ལས་སྐྱིད་སྒྲོལ་མ་དེ་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ རྩེད་རིགས་སློབ་སྟོན་པ་སྦེ་ ལཱ་འབད་དོ་ཡོདཔ་ད་ བཟང་མོ་དེ་ བར་སྦི་ས་ འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༠ པའི་ནང་ སློབ་སྦྱོང་འབད་མི་ཨིན་པས།
ལས་སྐྱིད་སྒྲོལ་མ་གིས་ འགྲན་བསྡུར་ནང་ བཅའ་མར་གཏོགས་ནི་ ཐོབ་མི་ལུ་ སྤྲོ་བ་ལང་སྟེ་ཡོདཔ་ད་ ང་བཅས་གཉིས་ལུ་ ལྷབ་སྦྱང་འབད་ནི་གི་ དུས་ཚོད་ལེགས་ཤོམ་ཅིག་ཨིན་མས་ཟེར་ཨིན་པས།
སྡེ་ཚན་དང་ རྩེད་འགྲན་འབད་མི་ཚུ་ འབྲུག་བོ་ལི་བཱོལ་ཚོགས་སྡེ་གིས་ ཕོ་སྐྱེས་དང་ ཨམ་སྲུ་ དྲག་ཤོས་ཡོད་མི་ཚུ་ གདམ་འཐུ་འབད་དོ་ཡོདཔ་ཨིན་པས།
སློབ་སྟོན་པ་ རྟ་མགྲིན་དབང་ཕྱུག་དེ་ ངལ་རངས་བྱུང་སྟེ་ཡོདཔ་ད་ ཁོ་གིས་ བཤད་མིའི་ནང་ རྩེད་འགྲན་འབད་མི་ཚུ་ག་ར་ ཉམས་མྱོང་ཡོད་པའི་གུ་ སྦྱོང་བརྡར་ཚུ་ ཡང་ལས་ཡང་སྦེ་ བྱིན་ཏེ་ཡོད་ཟེར་ཨིན་པས།
ང་བཅས་ཀྱིས་ རྒྱལ་ཁ་ཐོབ་ཚུགས་ནི་ལུ་ རེ་བ་བསྐྱེད་དོ་ཡོདཔ་ད་ བྱེ་ཐང་ནང་གི་ བོ་ལི་བཱོལ་རྩེད་འགྲན་འབད་ནི་དེ་ འབྲུག་ལུ་འགོ་དང་པ་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༢༢ ལུ་ འགོ་བཙུགས་ཡོདཔ་ཨིན་པས།
རྩེད་འགྲན་དེ་ ཐེངས་གསུམ་སྦེ་ སྐུགས་༢༡ གི་ཐོག་ལུ་ རྩེད་འགྲན་འབད་དོ་ཡོདཔ་ད་ གལ་སྲིད་ རྩེད་ཐེངས་རེ་ འདྲན་འདྲ་སོང་སྟེ་འབད་བ་ཅིན་ རྩེད་ཐེངས་གསུམ་པ་དེ་ སྐུགས་༡༥ གི་ཐོག་ལུ་ རྩེད་འགྲན་འབད་དོ་ཡོདཔ་ཨིན་པས།
བྱེ་ཐང་གི་རྩེད་འགྲན་དེ་ ཡུ་ནའེ་ཊེཌ་ཨིས་ཊེཊ་ལུ་ སྤྱི་ལོ་༡༩༡༥ སྐབས་ འགོ་བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement