༉ སྤྱི་ཟླ་༩ པའི་ཚེས་༡༠ ལས་འགོབཙུགས་ཚེས་༢༣ ཚུན་ ས་གནས་ཧང་གཱ་རི་ བྷུ་ད་པེསཊི་ལུ་སྦེ་ ཅེསི་ཨོ་ལིམ་པེཌ་ ཐེངས་༤༥ པ་འགོ་འདྲེན་འཐབ་མིའི་ནང་ འབྲུག་པའི་རྩེད་འགྲན་པ་༨ ཀྱིས་ བཅའ་མར་གཏོགས་ཡོད་རུང་ རྒྱལ་རྟགས་ཚུ་ ཐོབ་མ་ཚུགསཔ་ཨིན་པས།
ཨིན་རུང་ འབྲུག་གི་ཅེསི་རྩེད་ནིའི་ནང་ རིག་རྩལ་གོང་འཕེལ་སོང་མི་ལུ་བརྟེན་ སྡེ་རིམ་གྱི་དབྱེ་སྡེ་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
འགོ་བཙུགས་པའི་སྐབས་སུ་ སྡེ་ཚན་གྱིས་ དབྱེ་སྡེ་༡༧༡ པའི་ནང་ལས་སྦེ་ དོ་འགྲན་འབད་ཡོདཔ་ད་ དེ་ཁར་ རྒྱལ་ཁབ་༡༩༠ ཡོདཔ་ད་ རྩེད་འགྲན་མཇུག་བསྡུཝ་ད་ སྡེ་ཚན་གྱིས་ དབྱེ་སྡེ་གོ་རིམ་༣༠ ཡར་སེང་འབད་དེ་ སྡེ་རིམ་༡༤༡ ནང་ལྷོད་མི་དེ་ དོ་འགྲན་ལེགས་ཤོམ་འབད་བའི་ བརྡ་མཚོན་སྟོན་ཡོདཔ་ཨིན་པས།
ཨམ་སྲུ་གི་དབྱེ་ཁག་ནང་འབད་བ་ཅིན་ རྩེད་འགྲན་འགོ་བཙུགས་པའི་སྐབས་སུ་ དབྱེ་སྡེ་༡༦༤ ནང་ཡོདཔ་ད་ རྩེད་འགྲན་མཇུག་བསྡུཝ་ད་ དབྱེ་སྡེ་༡༤༧ ནང་ལྷོད་མི་གིས་ སྡེ་རིམ་༡༧ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
རྩེད་འགྲན་ནང་ བཅའ་མར་གཏོགས་མི་ཚུ་ཡང་ བག་ཏ་བྷ་དུར་མོང་གར་དང་ མ་ཧིན་ད་ར་གུ་རུང་ སུག་རཇ་མོང་སྒར་ དེ་ལས་ ལྷུན་གྲུབ་ཨེམ་རྡོ་རྗེ་ཚུ་ཡོདཔ་ད་ ཁོང་གིས་ སྐོར་ཐེངས་༡༡ འབད་མི་ རྩེད་འགྲན་ཚར་༤༤ རྩེཝ་ད་ སྐུགས་༡༨.༥ ཐོབ་ཡོདཔ་བཞིན་དུ་ ཁོང་གིས་ རྩེད་འགྲན་ཐེངས་༡༨ རྒྱལ་ཁ་ཐོབ་མི་དང་འབྲེལ་ ཅིག་འདྲན་འདྲ་སོང་བའི་ཁར་ སུག་རཇ་མོང་སྒར་དང་ ལྷུན་གྲུབ་ཨེམ་རྡོ་རྗེ་གིས་ སྐུགས་༦.༥ རེ་ ཐོབ་ཡོདཔ་ཨིན་པས།
རྩེད་འགྲན་དེ་ མཇུག་ར་སྤྱི་ལོ་༢༠༢༢ ལུ་ རྒྱ་གར་ནང་ འགོ་འདྲེན་འཐབ་ཡོདཔ་ད་ དེ་བསྒང་འབྲུག་གིས་ དབྱེ་སྡེ་༡༨༣ ལས་འགོ་བཙུགས་ཏེ་ དབྱེ་སྡེ་༡༧༢ ནང་ ལྷོད་ཡོདཔ་ཨིན་པས།
ཨམ་སྲུ་གི་སྡེ་ཚན་ནང་ ཨ་ཤ་ཧང་ལིམ་བུ་དང་ རྣམ་རྒྱལ་སྒྲོལ་མ་ ཡེ་ཤེས་ལྷ་སྒྲོན་ དེ་ལས་ པདྨ་དབྱངས་གསལ་རྡོ་རྗེ་ཚུ་ཡོདཔ་ད་ ཁོང་གིས་ རྩེད་འགྲན་སྐོར་ཐེངས་༡༡ ནང་ རྩེད་འགྲན་ཐེངས་༤༤ རྩེཝ་ད་ སྐུགས་༡༣.༥ ཐོབ་ཡོདཔ་ད་ ཁོང་གིས་ རྩེད་འགྲན་ཐེངས་༡༣ རྒྱལ་ཁ་ཐོབ་པའི་གུ་ གཅིག་འདྲན་འདྲ་སོང་ཡོདཔ་ཨིན་པས།
ཨ་ཤ་ཧང་ལིམ་བུ་གིས་ སྐུགས་ལྔ་ཐོབ་ཡོདཔ་ད་ དེ་གི་འོག་ལས་ར་ པདྨ་དབྱངས་གསལ་རྡོ་རྗེ་གིས་ སྐུགས་བཞི་ཐོབ་ཡོདཔ་ཨིན་པས།
རྩེད་འགྲན་པ་དང་ འགོ་དཔོན་ཚུ་གིས་ ཁོང་གི་གྲུབ་འབྲས་ལུ་ ཡར་དྲག་སོང་བའི་ བརྡ་མཚོན་ཡོདཔ་སྦེ་ སླབ་པའི་ཁར་ རྒྱ་གར་ལས་ སློབ་སྟོན་པ་ ཨ་ཏ་ནུ་ལ་ཧི་རི་གིས་ ཟླཝ་༩ གི་རིང་ལུ་ སྦྱོང་བརྡར་ཚུ་བྱིན་ཡོདཔ་ཨིན་པས།
འབྲུག་ཅེས་ཚོགས་སྡེའི་ གནས་སྐབས་གཙོ་འཛིན་ འཕྲིན་ལས་དཔལ་ལྡན་རྡོ་རྗེ་གིས་ བཤད་མིའི་ནང་ ང་བཅས་ཀྱི་སྡེ་ཚན་གྱིས་ ཨོ་ལིམ་པེཌ་ཐེངས་༤༥ པའི་ནང་ རྩ་འགེངས་ཏེ་ དོ་འགྲན་འབད་ཡི་ཟེར་ཨིནམ་ད་ ང་བཅས་ལུ་ མཐུན་རྐྱེན་ཚུ་ལངམ་སྦེ་ མེད་པའི་ཁར་ རྩེད་འགྲན་འབད་མི་ཚུ་ཡང་ ལངམ་སྦེ་མེད་ཟེར་ཨིནམ་བཞིན་དུ་ ང་བཅས་ཀྱི་ རྩེད་འགྲན་པ་ཚུ་ ངལ་འཚོ་ནི་གི་ གོ་སྐབས་ར་མེད་ཟེར་ཨིན་པས།
ཁོང་ཆ་ཁྱབ་ཀྱིས་ བར་མཚམས་ར་མེད་པར་ སྐོར་ཐེངས་༡༡ ཚུན་ རྩེད་འགྲན་འབད་དགོཔ་བྱུང་ཡོདཔ་ད་ ཉིནམ་རེ་ལུ་ དུས་ཡུན་ཆུ་ཚོད་༣ དང་༥ གི་བར་ན་ ཨ་རྟག་ར་ རྩེད་འགྲན་འབད་དགོཔ་བྱུང་ཡི་ཟེར་ཨིན་པས།
ང་བཅས་ཀྱིས་ སྤྱི་ལོ་༢༠༢༦ གི་རྩེད་འགྲན་སྐབས་ ལེགས་ཤོམ་སྦེ་ རྩེད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པའི་གནས་ཚུལ

ཚེ་རིང་དབང་འདུས།

Advertisement