༉ འབྲུག་བཟོ་གྲྭ་ཚོགས་སྡེ་གིས་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་ལུ་ ཅཱར་ཀཱོལ་ཟེར་ སོལ་མོ་དང་ སྤག་ཤིང་ནང་འདྲེན་དང་ ཕྱིར་ཚོང་གི་འཐུས་དང་ ནགས་ཚལ་གི་ཤིང་ཆས་(སྤག་ཤིང་ཅིབསི་) མིན་པའི་ ཞབས་ཏོག་གི་འཐུས་ཚུ་ ཡངས་ཆག་གཏང་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
དེ་ཡང་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་འོག་གི་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་གིས་ ཐོན་སྐྱེད་དེ་ཚུ་ལུ་ འཐུས་ལེན་མི་ལུ་བརྟེན་ ཚོགས་སྡེ་གིས་ ལྷན་ཁག་ལུ་ སྤྱི་ཟླ་༤ པའི་ཚེས་༢༤ ལུ་ ཞུ་བ་འབད་ནུག།
འཐུས་ཚུ་ཡང་ ནགས་ཚལ་དང་ རང་བཞིན་ཉམས་སྲུང་བཅའ་ཡིག་དང་ སྒྲིག་གཞི་༢༠༢༣ ཅན་མའི་ནང་ བཀོད་དེ་ཡོདཔ་ཨིན་པས།
བཅའ་ཡིག་ནང་ ལྷན་ཁག་ལུ་ དུས་མཚམས་བསྐྱར་ཞིབ་ཐོག་ མི་མང་ཞབས་ཏོག་དང་ བདག་སྐྱོང་གི་འཐུས་སྦེ་ འཐུས་བསྡུ་ལེན་ཆོགཔ་སྦེ་ཡོདཔ་ད་ འཐུས་གསརཔ་དེ་ཡང་ སོལ་མོ་ཊཱོན་རེ་ལུ་ དངུལ་ཀྲམ་༢༠ དང་ ནགས་ཚལ་ཐོན་སྐྱེད་མིན་པའི་ སྤག་ཤིང་ཅིབསི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༥ སྦེ་ བཟོ་སྟེ་ཡོདཔ་ཨིན་པས།
འབྲུག་བཟོ་གྲྭ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ པདྨ་རྣམ་རྒྱལ་ག་ལེ་གིས་ སླབ་མིའི་ནང་ སོལ་མོ་དང་ སྤག་ཤིང་ཅིབསི་ཚུ་ དམིགས་བསལ་དུ་ ཕེ་རོ་ཨེ་ལོ་ཡནསི་ཐོན་སྐྱེད་འབད་ནིའི་དོན་ལུ་ དགོས་མཁོ་ཅན་གྱི་ རྒྱུ་ཆས་ཅིག་ཨིན་ཟེར་ཨིན་པས།
རྒྱུ་ཆས་དེ་ཚུ་ཡང་ བཙའ་ཐལ་མར་ཕབ་དང་ ཐོན་སྐྱེད་བྱ་སྒོ་ནང་ པོ་རོ་སི་ཊི་ལྷན་ཐབས་འབད་ནི་ལུ་ མེད་ཐབས་མེདཔ་ཅིག་ཨིན་ཟེར་ པདྨ་རྣམ་རྒྱལ་ག་ལེ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ནང་འདྲེན་ལུ་ འཐུས་བསྡུ་ལེན་ འགོ་བཙུགས་མི་གིས་ བཟོ་གྲྭ་ཁང་ཚུ་ནང་ ཐོ་ཕོག་པའི་ཁར་ ཚོང་ལམ་ནང་ཡང་ དོ་འགྲན་འབད་ནི་ལུ་ དཀའ་ངལ་བྱུང་སྟེ་ ཡོད་ཟེར་ཨིན་པས།
འཐུས་བསྡུ་ལེན་འབད་ནི་གི་ ལམ་ལུགས་གསརཔ་གིས་ སེམས་ཤུགས་མཐུན་རྐྱེན་བཅའ་ཁྲིམས་༢༠༢༡ དང་ཡང་ འགལ་བ་ཡོདཔ་བཞིན་དུ་ དེ་ནང་ བཟོ་གྲྭ་ཁང་ཚུ་ ལག་ལེན་འཐབ་མི་ རྒྱུ་ཆས་ཚུ་ནང་ བཙོང་ཁྲལ་དང་ ཅ་དམ་ཁྲལ་ཚུ་ ཡངས་ཆག་བཏང་ཡོདཔ་ཨིན་པས།
བཅའ་ཡིག་གི་དོན་ཚན་༥༡ དང་འཁྲིལ་བ་ཅིན་ བཟོ་བཏོན་ལས་སྡེའི་དོན་ལས་ འཕྲུལ་ཁང་དང་ འཕྲུལ་ཆས་ རང་བཞིན་རྒྱུ་ཆས་ སྒམ་རྐྱབ་ཅ་ཆས་ བདག་དབང་ཅན་གྱི་ རང་བཞིན་རྒྱུ་ཆ་ (རྫས་སྦྱོར་ ཡང་ཅིན་ ཐབས་གཞི་) ལུ་ བཙོང་ཁྲལ་དང་ ཅ་དམ་ཁྲལ་ཚུ་ དགོངས་ཡངས་ཨིན་ཟེར་ཨིན་པས།
ཚོགས་སྡེ་གིས་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་ལུ་ཡང་ ཁ་སྐོང་འཐུས་ བཏབ་དགོཔ་བྱུང་མི་གིས་ བཟོ་གྲྭ་ཁང་ཚུ་ལུ་ དཀའ་ངལ་དང་ ཚོང་ལམ་ནང་ གདོང་ལེན་བྱུང་འོང་ཟེར་ ཞུ་བ་འབད་ནུག།
དེ་མ་ཚད་ བཟོ་གྲྭ་ལུ་བརྟེན་ དཔལ་འབྱོར་ཡར་དྲག་གཏང་ནིའི་ དམིགས་ཡུལ་ལུ་ཡང་ འབྱེམ་ཕོག་ནི་དང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ལྷན་ཐབས་འབད་ནི་ལུ་ཡང་ ལཱ་ཁག་བཏང་འོང་ཟེར་ཨིན་པས།
བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་ དྲུང་ཆེན་གྱིས་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་ལུ་ ནང་འདྲེན་འཐུས་བསྐྱར་ཞིབ་དང་ བཟོ་གྲྭ་ཁང་ཚུ་གིས་ ཐོན་སྐྱེད་ཡུན་བརྟན་མ་འགྲུབ་ཚུན་ དགོངས་ཡངས་དགོ་པའི་ ཞུ་བ་ཅིག་ ཡིག་ཐོག་ལུ་ ཕུལ་ཡོདཔ་ཨིན་པས།
ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་གི་དྲུང་ཆེན་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ ནང་འདྲེན་འཐུས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་རུང་ ལྷན་ཁག་གི་ གནས་སྐབས་ཅིག་གི་དོན་ལུ་ གོང་ཚད་ཚུ་ བསྐྱར་ཞིབ་འབད་དེ་ སོལ་མོ་ཊཱོན་རེ་ལུ་ དངུལ་ཀྲམ་༢༠ དང་ ནགས་ཚལ་ཐོན་སྐྱེད་མིན་པའི་ སྤག་ཤིང་ཅིབསི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༥ རེ་སྦེ་ བཟོ་སྟེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཕྱིར་ཚོང་གོང་ཚད་དེ་ སྤྱི་ཟླ་༧ པའི་ ཟླ་མཇུག་ལུ་ ཊཱོན་རེ་ལུ་ དངུལ་ཀྲམ་༤༠ རེ་སྦེ་ བསྐྱར་ཞིབ་འབད་ཡོདཔ་བཞིན་དུ་ བཅའ་ཡིག་དེ་ འཕྲི་སྣོན་མ་འབད་ཚུན་ ལག་ལེན་འཐབ་ནི་ཨིན་པས།
ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ ནགས་ཚལ་གཙོ་འཛིན་ག་ར་ལུ་ བཀའ་རྒྱ་གསརཔ་དང་འཁྲིལ་ཏེ་ དང་ལེན་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
འབྲུག་གིས་ སྤྱི་ལོ་༢༠༢༣ ལུ་ སྤག་ཤིང་ཅིབསི་ ཊཱོན་༡༢,༩༩༨ དང་ སོལ་མོ་ཊཱོན་༡༠༧,༢༤༧.༥༤ ནང་འདྲེན་འཐབ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།