༉ འབྲུག་བཟོ་སྐྲུན་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ སྤྱི་ལོ་༢༠༡༦ དང་ སྤྱི་ལོ་༢༠༢༣ ཟླ་༨ པའི་ནང་འཁོད་ལུ་ ཕུན་ཚོགས་གླིང་ལུང་ཕྱོགས་ཡིག་ཚང་གིས་ ཡིག་ཆ་ནང་ སྣང་མེད་དང་ ཚུལ་མཐུན་མེད་པའི་གནད་དོན་ལུ་བརྟེན་ དེད་གཡོགཔ་༡,༦༠༣ གྱི་ ཆོག་ཐམ་སྤྲོད་མི་ཚུ་ ཆ་མེད་བཏང་ཡོདཔ་ཨིན་པས།
འདི་བཟུམ་གྱི་ ཆོག་ཐམ་ཆ་མེད་བཏང་དགོ་པའི་གནད་དོན་དེ་ཡང་ གཙོ་བོ་ར་ ཡིག་ཆ་བྱང་སྟོར་ཞུགས་མི་དང་ དེད་གཡོག་པའི་ཆོག་ཐམ་ བརྟག་དཔྱད་རྒྱུགས་སྤྲོད་སྐབས་ དགོས་མཁོ་ཚུ་ ཚུལ་ལྡན་མེད་མི་ལུ་བརྟེན་ཨིན་པས།
དེ་སྦེ་ གྲོས་ཐག་བཅད་མི་དེ་ཡང་ སྤྱི་ལོ་༢༠༢༡ གི་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ སྒྲིག་གཞི་དོན་ཚན་༡༤༨ པ་དང་འཁྲིལ་ ལག་ལེན་འཐབ་ཡོད་མི་དེ་ཡང་ སྒྲིག་གཞིའི་གནད་དོན་ནང་ གལ་སྲིད་ མི་ངོམ་དེ་གིས་ བརྟག་དཔྱད་ཀྱི་ བྱ་རིམ་དང་འཁྲིལ་ ལག་ལེན་མ་འཐབ་འདྲཝ་འབད་བ་ཅིན་ ཆོག་ཐམ་ཆ་མེད་བཏང་ཆོགཔ་སྦེ་ འཁོད་དེ་འདུག་ཟེར་ཨིན་པས།
དེ་འབདཝ་ད་ གནད་དོན་འདི་ཚུ་གི་སྐོར་ལས་ རྒྱལ་ཡོངས་ཚོགས་ཁང་ནང་ གསུང་གྲོས་ཚུ་བྱུང་ཡོད་མི་དེ་ཡང་ གཙོ་བོ་ར་ སྣུམ་འཁོར་ཆེ་བ་ ཊཱག་བཏང་མི་དེད་གཡོགཔ་དང་ གླ་འཁོར་བཏང་མི་དེད་གཡོགཔ་ཚུ་འབདཝ་ལས་ ཁོང་གི་འཚོ་བའི་གནས་སྟངས་དེ་ དེད་གཡོག་པའི་ལཱ་འགན་ལུ་ བརྟེན་དགོ་ནི་དེ་གིས་ གསུང་གྲོས་བྱུང་ཡོདཔ་ཨིན་པས།
ར་ལྡི་སག་སྟེང་འདེམས་ཁོངས་ཀྱི་འཐུས་མི་ བཀྲིས་བསྟན་འཛིན་གྱིས་ ཞུ་བ་འབད་མིའི་ནང་ དེད་གཡོགཔ་ཚུ་ལུ་ ཡུན་རིངམོ་སྦེ་ར་ ཆོག་ཐམ་ཆ་མེད་བཏང་མི་གིས་ ཁོང་ལུ་གནོད་པ་ཚུ་ཡོད་པའི་ ཚ་གྱང་ལུ་བརྟེན་ཨིནམ་ད་ ཁོ་གིས་ཞུ་བ་འབད་མིའི་ནང་ གཞི་རྟེན་དང་ སྐྱེལ་འདྲེན་ལྷན་ཁག་གིས་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་སྒྲིག་གཞི་༢༠༢༡ ཅན་མའི་དོན་ཚན་༡༤༩ པ་དེ་ བསྒྱུར་བཅོས་འབད་དེ་ ལོ་གསུམ་གྱི་རིང་ ཆོག་ཐམ་ཆ་མེད་བཏང་དགོ་ཟེར་ ཡོད་མི་དེ་གིས་ མི་གྲངས་༡༦༠༣ ལུ་ གནོད་དོ་ཡོདཔ་མི་དེ་ ཁོང་ཆ་ཁྱབ་ ལོག་སྟེ་དེད་གཡོག་པའི་ བརྟག་དཔྱད་ཆོས་རྒྱུགས་ནང་ བཅའ་མར་གཏོགས་མ་ཆོགཔ་སྦེ་ འདུག་ཟེར་ཨིན་པས།
སྒྲིག་གཞི་དོན་ཚན་༡༤༩ ཅན་མ་ལྟར་དུ་འབད་བ་ཅིན་ ཆོག་ཐམ་ཆ་མེད་བཏང་བའི་ ཉིནམ་ལས་འགོ་བཙུགས་ ལོ་གསུམ་གྱི་ཤུལ་ལས་མ་གཏོགས་ ཆོག་ཐམ་གསར་པའི་དོན་ལུ་ བཅའ་མར་གཏོགས་མ་ཆོགཔ་སྦེ་ ཡོདཔ་ལས་ དེ་གིས་གནོད་པ་བྱུང་དོ་ཡོདཔ་ད་ གཞན་ཡང་ སྒྲིག་གཞི་གི་དོན་ཚན་༡༥༠ ལྟར་དུ་འབད་རུང་ གལ་སྲིད་ དེད་གཡོགཔ་དེ་གིས་ ཆོག་ཐམ་ཆ་མེད་བཏངམ་འདྲཝ་འབད་བ་ཅིན་ ལོག་སྟེ་དགོས་མཁོ་ལྡན་པའི་ཡིག་ཆ་ཚུ་ ཚང་སྒྲིག་དགོཔ་སྦེ་འདུག་ཟེར་ཨིན་པས།
གཞི་རྟེན་དང་ སྐྱེལ་འདྲེན་བློན་པོ་ ཅན་ད་ར་བྷ་དུར་གུ་རུང་གིས་ བཤད་མིའི་ནང་ ལྷན་ཁག་གིས་ ཆོག་ཐམ་ཕྱིར་བཏོན་འབད་མི་དང་ ཆ་མེད་བཏང་མི་གཉིས་ཀྱི་སྐོར་ལས་ ད་ལྟོ་ སྒྲིག་གཞི་བསྒྱུར་བཅོས་ཀྱི་ ལཱ་འབད་བའི་བསྒང་ར་ཡོད་ཟེར་ཨིན་པས།
བློན་པོ་གིས་ ཞུ་མིའི་ནང་ ད་ལྟོ་ཡོད་པའི་སྒྲིག་གཞི་ལྟར་དུ་འབད་བ་ཅིན་ ཆོག་ཐམ་ཆ་མེད་བཏང་ནི་དེ་ རྐྱངམ་གཅིག་འཁོད་དེ་ འདུག་ཟེར་ཨིནམ་ད་ དེ་ནང་ ཁ་གསལ་ཚུ་ ཚུད་དེ་མིན་འདུག་ཟེར་ཨིན་པས།
སྒྲིག་གཞི་ལྟར་དུ་སྦེ་ དེད་གཡོག་པའི་ཆོག་ཐམ་ལེན་པའི་སྐབས་སུ་ བརྟག་དཔྱད་ཆོས་རྒྱུགས་ཚུ་ ཚུལ་མཐུན་མ་འབད་བར་ ཡོད་མི་ཚུ་གི་ ཆོག་ཐམ་ཆ་མེད་གཏང་ནི་དང་ ལ་ལུ་ཅིག་གིས་ ལམ་འགྲུལ་གྱི་སྒྲིག་གཞི་ལས་ ཐེངས་ལེ་ཤ་ཅིག་ར་ བརྒལ་བ་འབད་མི་གི་ གནད་དོན་ཚུ་ལུ་ དྭངས་གསལ་དང་ ཁྱད་པར་ཚུ་ ལེགས་ཤོམ་སྦེ་ཕྱེ་དགོཔ་འདུག་ཟེར་ བློན་པོ་གིས་ ཞུ་བ་འབད་ཡོདཔ་ཨིན་པས།
འབྲུག་བཟོ་སྐྲུན་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ དུས་ཅི་ སྤྱི་ཟླ་༡༠ པའི་ཚེས་༣༡ གི་སྙན་ཞུ་དང་འཁྲིལཝ་ད་ ཡོངས་བསྡོམས་ལུ་ ཆོག་ཐམ་༢༠༧,༧༨༠ བྱིན་མི་ལས་ སྤྱིར་བཏང་གི་དེད་གཡོག་པའི་ཆོག་ཐམ་འཆང་མི་༡༧༨,༠༣༣ དང་ ཁྱད་རིག་གི་ཆོག་ཐམ་འཆང་མི་༢༩,༧༤༧ ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement