ཨོ་རྒྱན་རྡོ་རྗེ།
༉ འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་གྱིས་ སྣུམ་འཁོར་ནང་ སྦྱར་ཤོག་དང་ རས་བྱང་ཐོག་ལས་ གསལ་བསྒྲགས་འབད་མི་ཚུ་ལུ་ དང་ལེན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དང་ལེན་ཡང་ དབང་འཛིན་གྱིས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་གྱི་སྒྲིག་གཞི་༢༠༢༡ ཅན་མའི་ དོན་ཚན་༤༢༣ དང་འཁྲིལ་ཏེ་ འབད་དོ་ཡོདཔ་ཨིན་པས།
དད་གཡོག་སྦྱོང་བརྡར་ལས་ཁང་ཚུ་ལུ་ གནད་དོན་དེའི་སྐོར་ལས་ སྙན་ཞུ་འབད་ཡོདཔ་ལས་ ཁོང་ཆ་ཁྱབ་ སེམས་དང་མ་ལྡན་པར་ཡོདཔ་ཨིན་པས།
དོན་ཚན་༤༢༣ པ་དང་འཁྲིལ་བ་ཅིན་ དབང་འཛིན་ལས་ གནང་བ་མེད་པར་ སྣུམ་འཁོར་ཚུ་གི་ཕྱི་ཁར་ལས་ འོས་འབབ་མེད་པའི་ ཁྱབ་བསྒྲགས་ཀྱི་སྦྱར་ལེབ་དང་ སྦྱར་ཤོག་ དེ་ལས་ རས་བྱང་ཚུ་ སྦྱར་མ་ཆོགཔ་སྦེ་ཨིན་པས།
དབང་འཛིན་གྱི་ འགོ་དཔོན་ཅིག་གིས་ དོགས་སེལ་འབད་མིའི་ནང་ དྲག་ཁག་གསུམ་གྱི་དམག་སྡེའི་ སྣུམ་འཁོར་ཚུ་བརྩིས་ཏེ་ སྣུམ་འཁོར་ག་ར་འབད་རུང་ འོས་འབབ་མེད་པའི་ ཁྱབ་བསྒྲགས་ཀྱི་སྦྱར་ལེབ་དང་ རས་བྱང་ དེ་ལས་ དབང་འཛིན་དང་ ཐོ་བཀོད་ཡོདཔ་མ་གཏོགས་ སྦྱར་ཤོག་ཚུ་ འཁོར་བཀག་དང་ སྒོ་སྒྲིག་ མེ་ལོང་ཚུ་ནང་ སྦྱར་མི་ཆོག་ཟེར་ཨིན་པས།
དེ་བཟུམ་མའི་ ཐབས་ལམ་བཏོན་མི་དེ་ཡང་ སྣུམ་འཁོར་དད་གཡོགཔ་གཞན་ཚུ་ལུ་ སེམས་ཡེངས་ནི་ལས་ བཀག་ཐབས་འབད་ནི་ལུ་ཨིནམ་ད་ འབྲེལ་ཡོད་དབང་འཛིན་ལས་ གནང་བ་ཡོད་པ་ཅིན་ སྣུམ་འཁོར་གྱི་ ཕྱོགས་༡ ཆ་རའི་ནང་ ཁྱབ་བསྒྲགས་ཀྱི་དོན་ལས་ སྦྱར་ཤོག་དང་ རས་བྱང་ཚུ་ སྦྱར་ཆོག་ཟེར་ཨིན་པས།
གསལ་སྟོན་འབད་མི་ ཡི་གུ་ཚུ་ཡང་ སྦོམ་ཆུང་སེན་ཊི་མི་ཊར་༡༠ལས་ བརྒལ་མི་འོང་ནི་ཨིན་རུང་ ཚོས་གཞི་ཚུ་ གདམ་ཁ་རྐྱབ་ནིའི་ གོ་སྐབས་འཐོབ་ནི་ཨིན་པས།
འགོ་དཔོན་གྱིས་ སླབ་མིའི་ནང་ གསལ་སྟོན་དེ་ཡང་ མི་སྡེ་ནང་ ཁྱབ་བསྒྲགས་འབད་ཐབས་ལུ་ཨིནམ་ད་ ཨིན་རུང་ བརྒྱུད་འཕྲིན་ཨང་གྲངས་ཚུ་ གསལ་སྟོན་འབད་ མི་ཆོག་ནི་ཨིན་མི་དེ་ཡང་ ཁྱབ་བསྒྲགས་ཀྱི་དོན་ལས་ ལག་ལེན་འབ་ནི་ལས་ བཀག་ཐབས་ལུ་ཨིན་པས།
གནད་དོན་དེ་ལུ་ དེད་གཡོག་སྦྱོང་བརྡར་ཁང་ཚུ་གིས་ ངོས་ལེན་མེད་པར་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་ལུ་ ཡིག་ཐོག་ལུ་ ཡི་གུ་ཕུལ་ཡོདཔ་ཨིན་པས།
དེད་གཡོག་སྦྱོང་བརྡར་སྤེལ་ཁང་གི་ མགྲིན་ཚབ་ཅིག་གིས་ སླབ་མིའི་ནང་ དེ་བཟུམ་ ལག་ལེན་འཐབ་ནི་གི་ གནང་བ་དེ་ ཧེ་མ་ ལཱ་གཡོག་ལྷན་ཁག་གི་འོག་ལུ་ཡོད་པའི་ སྤུས་ཚད་དང་གནས་ཚད་སྡེ་ལས་ཚན་ལས་ ཐོབ་ཅི་ཟེར་ཨིན་པས།
གནང་བ་དེ་ཡང་ སྦྱོང་བརྡར་སྤེལ་ཁང་གི་ སྣུམ་འཁོར་ཚུ་གི་ ཉེན་སྲུང་ལྷན་ཐབས་ལུ་ཨིནམ་ད་ སྣུམ་འཁོར་རེ་ལུ་ སྦྱར་ཤོས་ཅིག་ སྦྱར་བའི་སྐབས་ ཟད་འགྲོ་དངུལ་ཀྲམ་༣,༥༠༠དང་༤,༥༠༠དེ་རེ་ གནསཔ་མས་ཟེར་ མགྲིན་ཚབ་ཀྱིས་ ཤེསཔ་ཨིན་པས།
སྦྱར་ཤོག་ཚུ་ སྤོག་གཏང་ནིའི་ཐད་ལུ་ སྦྱོང་བརྡར་ལྟེ་བ་ཚུ་གིས་ བཀོད་མིའི་ནང་ སྣུམ་འཁོར་རེ་ལུ་ དངུལ་ཀྲམ་༣,༠༠༠དེ་རེ་ གནས་འོང་ཟེར་ཨིན་པས།
མགྲིན་ཚབ་ཀྱིས་ སླབ་མིའི་ནང་ སྣུམ་འཁོར་ཐོག་ཁར་ དད་གཡོག་སྦྱོང་བརྡར་ལྟེ་བའི་སྐོར་ལས་དང་ བརྒྱུད་འཕྲིན་གྱི་ཨང་ཚུ་ གསལ་སྟོན་འབད་བ་ཅིན་ ཚོང་འབྲེལ་གོང་འཕེལ་དང་ ཚོང་ལམ་ནང་ ངོ་འབྱོར་འབདཝ་ད་ ཟད་འགྲོ་ཡང་ མར་ཕབ་འགྱོ་ཚུགས་པས་ཟེར་ཨིན་པས།
བཅའ་ཡིག་དང་སྒྲིག་གཞི་གི་དོན་༤༢༣ ནང་ བྱང་ལེབ་དང་ སྦྱར་ཤོག་ དེ་ལས་ རས་བྱང་དེ་ ག་ཅི་ཨིན་ན་ ཁ་གསལ་སྦེ་ ངེས་ཚིག་བརྗོད་དེ་མེད་པའི་ཁར་ ངོས་ལེན་གྱི་གནད་དོན་སྐོར་ལས་ དྭངས་གསལ་ཐོག་ལས་ བཀོད་དེ་མིན་འདུག་ཟེར་ མགྲིན་ཚབ་ཀྱིས་ བཤདཔ་ཨིན་པས།
ཁྲོམ་སྡེ་འགྲུལ་འཁོར་བཱསི་ཞས་ཏོག་གི་མདོ་ཆེན་ པ་སངས་ཚེ་རིང་གིས་ སླབ་མིའི་ནང་ ཁྲོམ་སྡེ་འགྲུལ་བཱསི་ཞབས་ཏོག་གིས་ སླབ་མིའི་ནང་ བཱས་གི་ཐོག་ལས་ ཁྱབ་བསྒྲགས་འབད་ནིའི་དོན་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱད་དབང་འཛིན་དང་ འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་ལས་ གནང་བ་ལེན་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྱབ་བསྒྲགས་འབད་དེ་ལུ་བརྟེན་ གཞུང་གི་ ཟད་འགྲོ་དེ་ཡང་ བརྒྱ་ཆ་༥༠ལས་༣༠ལུ་ མར་ཕབ་འབད་ཚུགས་ཏེ་ཡོད་ཟེར་ཨིན་པས།
བཱསི་ཐོག་ལས་ ཁྱབ་བསྒྲགས་དེ་ཡང་ གནང་བ་ཐོབ་པའི་ ཉིནམ་ལས་འགོ་བཙུགས་ཏེ་ མཐོ་ཤོས་ར་ ཟླཝ་༡ ཚུན་དང་ ཡང་ཅིན་ ཁྱབ་བསྒྲགས་ཀྱི་ དུས་ཚོད་མ་རྫོགས་ཚུན་ བཞག་དོ་ཡོདཔ་ཨིན་པས།
ཁྲོམ་སྡེ་བཱསི་ཞབས་ཏོག་གི་ འོང་འབབ་ཐོན་ཁུངས་གཙོ་བོ་ར་ ཨིསི་མརཊི་ཀཱཌ་ལམ་ལུགས་དང་ བཱསི་ཚུ་གླ་ཁར་གཏང་ནི་ དེ་ལས་ ཁྱབ་བསྒྲགས་འབད་ནི་རྐྱངམ་གཅིག་ཨིན་པས།
མདོ་ཆེན་གྱིས་ སླབ་མིའི་ནང་ ཁྱབ་བསྒྲགས་ཐོག་ལས་ འོང་འབབ་དེ་ཡང་ བགོ་བཤའ་རྐྱབ་དོ་ཡོདཔ་ད་ ད་ལྟོ་ ས་སྨུག་གིས་ ཁྲོམ་སྡེ་བཱསི་ཐོག་ལས་ ཚོང་བསྒྲགས་དང་ བཟོ་བཀོད་ པར་སྐྲུར་སྦྱར་ཤོག་ཐོག་ལས་ གསལ་བསྒྲགས་འབད་དོ་ཡོདཔ་ཨིན་པས།
དེ་ནང་ལས་ ཁྲོམ་སྡེ་འགྲུལ་འཁོར་ཞབས་ཏོག་ཚུ་གིས་ འོང་འབབ་དུམ་གྲ་རེ་ བཟོ་དོ་ཡོདཔ་ད་ ལོ་བསྟར་བཞིན་དུ་ འོང་འབབ་ཉུང་ཤོས་ར་ དངུལ་ཀྲམ་༢༠,༠༠༠དང་༣༠,༠༠༠འི་བར་ན་ བཟོ་དོ་ཡོད་པའི་གནས་ཚུལ།