༉ སྤ་རོ་ལུ་སྦེ་ ཉིནམ་གཉིས་ཀྱི་རིང་ ལོ་བསྟར་བརྡ་བརྒྱུད་ཞལ་འཛོམས་འཚོགས་པའི་སྐབས་ལུ་ བརྡ་བརྒྱུད་ལས་ཁང་སོ་སོ་ཚུ་ནང་ལས་ བཅོའ་མར་གཏོགས་མི་༧༠ ལྷགཔ་ཅིག་གུ་ལུ་ གསར་བཟོ་ལས་འབྲེལ་དང་ བློ་རིག་རྒྱུ་དངོས་ལས་ཁུངས་དང་ འབྲུག་བརྡ་དོན་དང་ བརྡ་བརྒྱུད་དབང་འཛིན་འགོ་དཔོན་གྱིས་ འབྲེལ་གཏོགས་འབད་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ འབྲུག་བརྡ་བརྒྱུད་མཐུན་ཚོགས་ཀྱིས་ འགོ་འདྲེན་འཐབ་ཐོག་ལས་ འབྲུག་ལུ་ བརྡ་བརྒྱུད་པའི་གནད་འགག་ཅན་གྱི་ གདོང་ལེན་བྱུང་མི་ཚུ་གི་སྐོར་ལས་ གསལ་སྟོན་འབད་ཡོདཔ་ཨིན་པས།
བརྡ་བརྒྱུད་མཐུན་ཚོགས་ བསྐྱར་འཇུག་སྦྲེལ་མཐུད་ཟེར་བའི་བརྗོད་དོན་ཐོག་ གྲོས་འཛོམས་འཚོགས་པའི་སྐབས་སུ་ ཉིནམ་དང་པའི་ནང་ གནད་དོན་གཙོ་བོ་ བརྡ་བརྒྱུད་ལས་ཁང་ནང་ལས་ གནས་ཚུལ་བསྡུ་བཀོདཔ་རྙིང་ཤོས་ཚུ་ ཐོན་འགྱོ་དོ་ཡོད་མི་དང་ བརྡ་བརྒྱུད་པའི་ཡུན་བརྟན་ འབྲུག་ལུ་བརྡ་བརྒྱུད་དབང་ཆ་ཉུང་སུ་སོང་མི་ དེ་ལས་ བརྡ་དོན་གྱི་ཐབས་བྱུས་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ གི་ འའཛམ་གླིང་བརྡ་བརྒྱུད་དབང་ཆའི་གནས་ཚད་དེ་ ཨང་རིམ་༩༠ ལས་༡༤༧ ལུ་ མར་བབས་སོང་མི་གིས་ བར་ནང་ཨང་རིམ་༥༧ དེ་ཅིག་གི་རྩིས་ ལྷད་ཞུགས་ཏེ་ མར་བབས་སོང་ཡོད་པའི་ གསལ་སྟོན་འབདཝ་ཨིན་པས།
གནས་ཚུལ་བསྡུ་བཀོད་པའི་ གནས་སྟངས་དང་འཁྲིལ་བ་ཅིན་ མར་བབས་སོང་བའི་བརྡ་མཚོན་དེ་ བྱ་རིམ་སྣ་མང་གི་དཀའ་ངལ་དང་ བརྡ་དོན་འཐོབ་ནི་ལུ་ ཚད་འཛིན་དམ་དྲག་འབད་མི་ རང་གིས་རང་ཉེན་སྐྱོབ་འབད་དགོ་མི་ གཞུང་གི་ཁ་ཐུག་ལས་ བརྡ་བརྒྱུདཔ་ལུ་ རབ་འབྲེལ་ལྷད་ཞུགས་འབད་མི་གིས་ ཨིན་དོ་ཡོད་པའི་གསལ་སྟོན་ འབད་ཡོདཔ་ཨིན་པས།
འདི་བཟུམ་གྱི་དོ་འགྲན་བྱུང་མི་ལུ་བརྟེན་ ཉམས་མྱོང་ཅན་གྱི་བརྡ་བརྒྱུདཔ་ཚུ་བྱང་དོ་ཡོདཔ་ད་ བརྡ་དོན་འཐོབ་ནི་ལུ་ དམ་འཛིན་འབད་མི་གིས་ རྒྱལ་ཁབ་ཀྱི་བརྡ་བརྒྱུད་རིམ་ལུགས་ལུ་ བར་ཆད་རྐྱབ་དོ་ཡོདཔ་བཟུམ་གྱི་ ཚོར་སྣང་བསྐྱེད་ཡོདཔ་ཨིན་པས།
འབྲུག་གི་གནས་ཚུལ་ལས་ཁང་ཚུ་ལུ་ དུས་ཅི་ལོ་ནང་ གདོང་ལེན་ཚུ་སྦོམ་སྦེ་ར་ བྱུང་ཡོདཔ་ད་ དེ་ཡང་ གནས་ཚུལ་བསྡུ་བཀོདཔ་མང་སུ་ ཐོན་སོང་མི་དང་ ཚོང་འབྲེལ་གྱི་གནས་སྟངས་ནང་དཀའ་ངལ་ ཁྱད་རིག་གི་གནད་དོན་ཚུ་ཡང་ཡོདཔ་སྦེ་ ཚེ་རིང་རྡོ་རྗེ་གིས་ བཤད་ཡོདཔ་ཨིན་པས།
འབྲུག་དུས་ཚོད་གསན་ཚུལ་ལས་ཁང་གི་རྩོམ་སྒྲིག་པ་ ཡེ་ཤེས་ལྷ་སྒྲོན་གྱིས་ བཤད་མིའི་ནང་ འདི་བཟུམ་གྱི་གནས་སྟངས་ལུ་བརྟེན་ ད་ལྟོ་ལཱ་འབད་བཞིན་དུ་ཡོད་མི་ གནས་ཚུལ་བསྡུ་བཀོད་རྒན་རིམ་ཚུ་ལུ་ ལཱ་ཐེབས་ཕོག་དོ་ཡོདཔ་བཞིན་དུ་ མི་ངོམ་རེ་གིས་ ལས་བྱེདཔ་གསརཔ་གཉིས་དེ་རེ་གི་ ལཱ་འགན་ཚུ་འབག་དགོ་པའི་ཁར་ དགོངས་ཞུ་འབད་མི་མང་སུ་ཐོན་མི་ལུ་ ཚ་གྱང་སྦོམ་ཡོདཔ་ལས་ གནས་ཚུལ་ལས་ཁང་ཚུ་ སྤུས་ཚད་ཅན་གྱི་གནས་ཚུལ་ འབྲི་ནི་ལུ་ ལཱ་ཁག་བཏང་སྟེ་ཡོད་ཟེར་ མོ་གིས་བཤདཔ་ཨིན་པས།
གནས་ཚུལ་བསྡུ་བཀོདཔ་ཚུ་ བརྡ་དོན་ལེན་ནིའི་དོན་ལུ་ དཀའ་ངལ་ཚུ་ཡར་སེང་འགྱོ་དོ་ཡོདཔ་ད་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ གནད་འགག་ཅན་གྱི་གནས་ཚུལ་ བསྡུ་ལེན་འབད་ནི་ལུ་ ལཱ་ཁག་བཏང་བཞིན་དུ་ཡོདཔ་སྦེ་ཨིན་པས།
འདི་གིས་ཡང་མ་ཚད་པར་ ལས་ཁང་ཚུ་ལུ་ དངུལ་འབྲེལ་གྱི་ དཀའ་ངལ་ཚུ་ ཐོན་མི་ལུ་བརྟེན་ ད་རེས་ནངས་པར་ གནས་ཚུལ་ཁང་ཡོངས་བསྡོམས་ལུ་༧ མ་གཏོགས་མེདཔ་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ལུ་ འབྲུག་བརྡ་བརྒྱུད་མཐུན་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ རིག་འཛིན་དབང་ཕྱུག་གིས་ བཤད་མིའི་ནང་ གཞུང་གི་ཁ་ཐུག་ལས་ གསར་བཟོ་ལས་འབྲེལ་དང་ བློ་རིག་རྒྱུ་དངོས་ལས་ཁུངས་དང་ འབྲུག་བརྡ་དོན་དང་ བརྡ་བརྒྱུད་དབང་འཛིན་གྱི་ མདོ་ཆེན་དང་ གཞུང་གི་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་མི་གིས་ དམངས་གཙོའི་རིང་ལུགས་ནང་ བརྡ་བརྒྱུད་ལུ་ ངོས་ལེན་སྦོམ་ར་ཡོད་པའི་ བརྡ་མཚོན་སྟོནམ་མས་ཟེར་ཨིན་པས།
དེ་ལས་གཞན་ཡང་ འཐུས་མི་ཚུ་གིས་ གཅིག་སྒྲིལ་ཐོག་ལས་ གནད་དོན་ཡོད་མི་ཚུ་ གྲོས་བསྟུན་ཐོག་འབདཝ་ད་ དེ་གིས་ ཁེ་ཕན་ཚུ་ སྦོམ་ར་བྱུང་ཚུགས་ཟེར་ ཁོ་གིས་བཤདཔ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།