༉ མི་དབང་རྒྱལ་བཙུན་ཁབ་ཏུ་བཞེས་ཏེ་ ལོ་ངོ་༡༣ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ འབྲུག་མཁའ་འགྲུལ་གྱིས་ གནམ་གྲུ་གསརཔ་༥ མཁོ་སྒྲུབ་འབད་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ དེ་གི་གྲངས་སུ་ གནམ་གྲུ་ཨེ་༣༢༠ ནིའོ་གསུམ་དང་ ཨེ་༣༢༡ ཨེཀསི་ཨེལ་ཨར་ གཉིས་ཡོདཔ་ཨིན་པས།
གནམ་གྲུ་ཨེ་༣༢༠ ནིའོ་གསུམ་མཁོ་སྒྲུབ་འབད་མི་གིས་ ལོ་མང་སུ་སོང་མི་གནམ་གྲུ་ཨེ་༣༡༩ ཨེསི་གི་ཚབ་སྦེ་ འཕུར་འགྲུལ་ཚུ་ འཕྲོ་མཐུད་དེ་ར་ འབད་ཚུགས་ཐབས་ལུ་ཨིན་པས།
འབྲུག་མཁའ་འགྲུལ་གྱི་ བཀོད་ཁྱབ་གཙོ་འཛིན་ རྟ་མགྲིན་དབང་ཕྱུག་གིས་ བཤད་མིའི་ནང་ གནམ་གྲུ་གསརཔ་གསུམ་ ཉོ་ནི་ཨིན་མི་དེ་ གནམ་གྲུ་ཨེ་༣༡༩ ཨེསི་གི་དོན་ལུ་ དུས་ཚོད་ཁར་ཨིན་མི་དེ་ཡང་ གནམ་གྲུ་དེ་གིས་ ལོ་༡༩ གི་རིང་ ཞབས་ཏོག་ཞུ་བའི་ཁར་ སྤྱི་ལོ་༢༠༣༠ ལུ་ ལོ་༢༥ འཁོར་འོང་ཟེར་ཨིན་པས།
འབྲུག་མཁའ་འགྲུལ་གྱིས་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ ཨེ་ཡར་བཱསི་དང་གཅིག་ཁར་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ དེ་ཡང་ གནམ་གྲུ་ཚུ་ཉེན་སྲུང་ཅན་དང་ རྒྱལ་སྤྱིའི་ས་གནས་གསརཔ་ཚུ་ནང་ འཕུར་འགྲུལ་རྒྱ་སྐྱེད་འབད་དོན་ལུ་ཨིན་པས།
བཀོད་ཁྱབ་གཙོ་འཛིན་གྱིས་ གོ་བརྡའི་ཆིངས་ཡིག་དེ་ གནད་གལ་ཅན་ཅིག་ཨིན་མི་དེ་ཡང་ གནམ་གྲུ་ཚུ་ ག་དེ་མགྱོགས་མགྱོགས་ ལྷོད་ཚུགས་ཐབས་ལུ་ཨིནམ་ད་ ག་དེམ་ཅིག་སྦེ་ ཕྱིས་ཏེ་འབད་རུང་ སྤྱི་ལོ་༢༠༣༢ ཀྱི་ནང་འཁོད་ལུ་ ལྷོད་ཚུགསཔ་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
གནམ་གྲུ་གསརཔ་ཚུ་ སྤྱི་ལོ་༢༠༣༠ གི་ ནང་འཁོད་ལུ་ ལྷོད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཨེ་ཡར་བཱས་དེ་ ཡུ་རོ་པི་ཡེན་གནམ་སྟོང་དང་ སྲུང་སྐྱོབ་བཟོ་གྲྭ་གིས་ བཟོ་བཀོད་འབད་དེ་ བཟོ་སྐྲུན་དང་ མཁོ་སྤྲོད་ཚུ་ གནམ་གྲུ་ལམ་ལུགས་དང་ འདི་དང་འབྲེལ་བའི་ ཞབས་ཏོག་དང་འཁྲིལ་ འབད་ནི་ཨིན་ཟེར་ཨིན་པས།
གནམ་གྲུ་གསརཔ་དེ་གིས་ ཐག་རིང་གི་ས་གནས་ཚུ་ནང་ སྦྲེལ་མཐུད་འབད་ནི་ཨིནམ་ད་ འདི་དང་གཅིག་ཁར་ ཡུ་རོབ་ལས་ ནུབ་ཕྱོགས་དང་ ཇ་པཱན་ལས་ཤར་ཕྱོགས་ དེ་ལས་ ཨསི་ཊེ་ལི་ཡ་ལས་ ལྷོ་ཕྱོགས་དགེ་ལེགས་ཕུག་ཚུ་ ཚུད་དོ་ཡོདཔ་ད་ གནམ་གྲུ་འཕུར་འགྲུལ་ཐེབས་ཡོད་མི་ལུ་བརྟེན་ དགེ་ལེགས་ཕུག་ རང་སྐྱོང་ལུང་ཕྱོགས་གི་དོན་ལུ་ སྐྱེལ་འདྲེན་གྱི་རྒྱབ་སྐྱོར་ཚུ་ འབད་ཚུགས་པའི་ཁར་ རྒྱལ་སྤྱི་དང་ རྒྱུན་འགྲུལ་ལེགས་ལྡན་ཡོད་མི་གིས་ དཔལ་འབྱོར་གོང་འཕེལ་ལེགས་ཤོམ་འགྱོ་ཚུགས་ཟེར་ རྟ་མགྲིན་དབང་ཕྱུག་གིས་ བཤདཔ་ཨིན་པས།
གནམ་གྲུ་ཨེ་༣༢༡ ཨེཀསི་ཨེལ་ཨར་ གཉིསཔོ་དེ་ ད་ལྟོ་ལཱ་འགོ་བཙུགས་ནི་འབད་བའི་བསྒང་ཡོད་མི་ དགེ་ལེགས་ཕུག་ གནམ་ཐང་གི་དོན་ལུ་ ཨིནམ་བཞིན་དུ་ གནམ་གྲུ་དེ་གཉིས་ ད་ལྟོ་ཡོད་པའི་ སྤ་རོ་གནམ་ཐང་ནང་ ཆགས་མི་ཚུགས་ནི་དང་ གནམ་ཐང་དེ་ གནམ་གྲུ་ལྷོད་པའི་དུས་ཚོད་ཁར་ གྲ་སྒྲིག་འགྱོ་མ་ཚུགསཔ་འདྲཝ་འབད་བ་ཅིན་ འབྲུག་མཁའ་འགྲུལ་གྱིས་ གནམ་གྲུ་དེ་གཉིསཔོ་དེ་ ཨེ་༣༢༠ ནིའོ་ལུ་ ཁ་བསྒྱུར་འབད་ནིའི་གོ་སྐབས་ཡོད་ཟེར་ གཙོ་འཛིན་འགོ་དཔོན་གྱིས་ བཤདཔ་ཨིན་པས།
གནམ་གྲུ་ཨེ་༣༢༠ནི་འོ་དང་ ཨེ་༣༢༡ཨེཀསི་ཨེལ་ཨར་གཉིསཔོ་ཆ་ར་ ས་སྣུམ་ཉུང་སུ་འཐུང་མིའི་ཐོག་ལུ་ བཟོ་སྐྲུན་འབད་དོ་ཡོདཔ་ད་ གཞན་ཡང་ དུ་པ་ཉུང་བའི་ཁར་ སྒྲ་སྐད་ཤུགས་མ་རྐྱབ་པའི་ཐོག་ལུ་ བཟོ་བཀོད་འབད་དོ་ཡོདཔ་ཨིན་པས།
བཀོད་ཁྱབ་གཙོ་འཛིན་གྱིས་ བཤད་མིའི་ནང་ ཨེ་ཡར་བཱསི་གི་དམིགས་ཡུལ་དེ་ མཁའ་འགྲུལ་གྱི་ ས་སྣུམ་སྤྱི་ལོ་༢༠༣༠ ཚུན་གྱི་ དམིགས་ཡུལ་དང་ བརྒྱ་ཆ་ལས་བརྒྱ་ཆ་༡༠༠ ཐམ་པ་སྦེ་ ཆ་མཐུན་འབད་ཚུགས་པའི་ རེ་བ་ཨིན་ཟེར་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ འབྲུག་མཁའ་འགྲུལ་གྱིས་ གནམ་གྲུ་ཨེ་ཡར་བཱསི་ཨེ་༣༢༠ འབད་མི་བཞི་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་ཡང་ གནམ་གྲུ་ཨེ་༣༡༩ཨེས་གསུམ་དང་ གནམ་གྲུ་ཨེ་༣༢༠ གཅིག་ དེ་ལས་ ཧེ་ལི་ཀོབ་ཊར་ཨེ་-༡༣༠ གཉིས་དང་ ཧེ་ལི་ཀོབ་ཊར་གསུམ་པ་དེ་ བདུན་ཕྲག་དག་པ་ཅིག་གི་ ནང་འཁོད་ལུ་ འཕུར་འགྲུལ་འབད་ནི་ཨིན་པས།
གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ལུ་ ཡབ་དྲགོས་དོན་གྲུབ་རྒྱལ་མཚན་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་ འབྲུག་མཁའ་འགྲུལ་གྱི་ བཀོད་ཚོགས་འཐུས་མི་དང་ མདོ་ཆེན་ རྒྱ་གར་ལུ་ ཕ་རནསི་གི་གཞུང་ཚབ་ ཐེ་རི་མཱ་ཐུ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།