༉ བློན་ཆེན་བགྲེསཔ་དང་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ དྲགོས་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སྲིད་དོན་ནང་ལས་ དགོངས་ཞུ་འབད་མི་ལུ་བརྟེན་ འགོ་ཁྲིད་པའི་ ས་སྟོང་ཅིག་ཐོན་ཡོདཔ་ལས་ སྤྱི་ལོ་༢༠༢༨ ལུ་ ཤུལ་མའི་བཙག་འཐུ་ནང་ ག་གིས་ ཚོགས་པ་འགོ་ཁྲིད་འབད་འོང་གའི་སྐོར་ལས་ དྲི་བ་ཚུ་ བཀོད་དོ་ཡོདཔ་ཨིན་པས།
དྲགོས་ཌོག་ཊར་ བློ་གྲོས་ཚེ་རིང་དེ་ ད་ལྟོ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ སྤྱི་འཛིན་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་པས།
འོས་འབབ་ཅན་གྱི་ འདེམས་ངོ་ལེ་ཤ་ཅིག་གིས་ར་ གདོང་གཟང་སྟེ་ཐོན་ཡོདཔ་ད་ དེ་གི་གྲངས་སུ་ ཕྱི་འབྲེལ་བློན་པོ་བགྲེསཔ་ དྲགོས་ཌོག་ཊར་ རྟ་མགྲིན་རྡོ་རྗེ་དང་ འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་བགྲེསཔ་ བསྟན་འཛིན་ལེགས་འཕེལ་ གསོ་བ་བློན་པོ་བགྲེསཔ་ དྲགོས་ཌོག་ཊར་ བདེ་ཆེན་དབང་མོ་ དེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་བགྲེསཔ་དང་ སྤྱི་ལོ་༢༠༢༣ གྱི་བཙག་འཐུའི་ནང་ བར་མཚམས་གཤོང་ཕུག་འདེམས་ཁོངས་ལས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ དྲགོས་བསོད་ནམས་ཀུན་དགའ་ཨིན་པས།
ཚོགས་པའི་ གཞི་བཙུགས་འཐུས་མི་ བསྟན་འཛིན་ལེགས་འཕེལ་གྱིས་ བཙག་འཐུའི་ས་གོ་ནང་ལས་ རྒྱབ་བཤུད་རྐྱབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་ནང་ ཁོ་རའི་ འགན་ཁུར་གཙོ་ཅན་ཚུ་ཡོད་རུང་ སྤྱི་ལོ་༢༠༢༣ གྱི་བཙག་འཐུའི་ནང་ དོ་འགྲན་མི་འབད་ནི་སྦེ་ གདམ་ཁ་རྐྱབ་སྟེ་ཡོདཔ་ད་ ཨིན་རུང་ ཚོགས་པ་ནང་ ཁོ་རའི་ འབྲེལ་གཏོགས་ཡོད་མི་དེ་ གནད་འགག་ཅན་སྦེ་ཡོད་པའི་ཁར་ ཐབས་བྱུས་ཚུ་ནང་ ཁོ་རའི་ མཁས་མཆོག་ཡོད་ནི་དེ་གིས་ གུས་ཞབས་ལྡན་པའི་ མི་ངོམ་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན་པས།
དྲགོས་ཌོག་ཊར་ བདེ་ཆེན་དབང་མོ་དེ་ ད་ལྟོ་ པདྨ་དྲུང་ཆེན་ཡིག་ཚང་ནང་ གལ་གནད་ཅན་གྱི་གོ་གནས་འཆང་སྟེ་ཡོདཔ་ད་ འབྲུག་གི་ བཙག་འཐུའི་ལོ་རྒྱུས་ཚུ་དང་འཁྲིལཝ་ད་ མོ་ར་ ཨམ་སྲུའི་འགོ་ཁྲིདཔ་ཅིག་ཨིནམ་ལས་ བཙག་འཐུ་ཚུ་ནང་ ཚོགས་པའི་གོ་སྐབས་སྐོར་ལས་ ཚ་གྱང་ཚུ་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་ནང་ ཚར་གཅིག་ མིང་གཏམ་ཅན་ཅིག་ཨིན་མི་ དྲགོས་བསོད་ནམས་ཀུན་དགའ་དེ་ ཚོགས་པ་འགོ་ཁྲིད་འབད་ནི་ལུ་ འོས་འབབ་ཆུང་སུ་ཅིག་སྦེ་ མཐོང་མི་དེ་ཡང་ གནས་ཚུལ་བྱུང་ཁུངས་ཚུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༣ གྱི་བཙག་འཐུའི་སྐབས་ འབྲུག་མཉམ་རུབ་ཚོགས་པ་དང་གཅིག་ཁར་ ཕམ་ཤོར་བྱུང་ནི་དེ་གིས་ གདམ་ཁ་མེདཔ་བཟུམ་མའི་ བསམ་བཀོད་ཚུ་འབད་ཡོདཔ་ཨིན་པས།
འོས་འབབ་ལུ་བལྟ་བ་ཅིན་ སྤྱི་ལོ་༢༠༢༨ ལུ་ འབྲུག་མཉམ་རུབ་ཚོགས་པ་ འགོ་ཁྲིད་འབད་ནིའི་དོན་ལུ་ དྲགོས་ཊོག་ཊར་ རྟ མགྲིན་རྡོ་རྗེ་དེ་ འདོམས་ངོ་འོས་ལྡན་ཅིག་སྦེ་ མཐོངམ་ཨིན་པས།
སྲིད་དོན་ནང་ ཡུན་རིངམོ་སྦེ་ ཕྱག་ཞུ་མི་ཅིག་ཨིན་པའི་ཁར་ བློན་པོ་བགྲེསཔ་ཅིག་ཨིནམ་ལས་ ཁོ་རའི་ ཉམས་མྱོང་དང་བསྟུནམ་ད་ དོ་འགྲན་པ་སྒྲིང་སྒྲི་ཅིག་སྦེ་ བརྩི་འཇོག་འབད་ཚུགས་ནི་ཨིནམ་ད་ ཁོ་རའི་ འགོ་ཁྲིད་པའི་ལྕོགས་གྲུབ་དང་ སྲིད་དོན་གྱི་ རྒྱབ་རྟེན་དེ་གིས་ ཁོ་ར་ འབྲུག་མཉམ་རུབ་ཚོགས་པ་ནང་ འགོ་ཁྲིད་པའི་ ས་སྟོང་བསུབ་ནི་དེ་ རང་བཞིན་གྱི་གདམ་ཁ་ཅིག་སྦེ་ བྱུང་ཡོདཔ་ཨིན་པས།
དྲགོས་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སླབ་མིའི་ནང་ ཤུལ་མའི་གཙོ་འཛིན་ཐད་ཁར་ གཏན་འཁེལ་སྦེ་ སླབ་མ་ཚུགས་རུང་ གནས་སྐབས་ཀྱི་དོན་ལུ་ ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ ཉིན་བསྟར་གྱི་ལས་དོན་ཚུ་ འགོ་འདྲེན་ཐོག་ འཛིན་སྐྱོང་འཐབ་དགོ་ཟེར་ཨིན་པས།
བསྟན་འཛིན་ལེགས་འཕེལ་གྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ང་བཅས་ར་ བཙག་འཐུའི་ནང་ རྒྱལ་ཁ་འཐོབ་ནི་ལུ་དམིགས་ཏེ་མེན་པར་ རྒྱལ་ཁབ་ལུ་ ཕྱག་ཞུ་ནི་གི་ ཁས་བླངས་ཐོག་ལས་ ཤུགས་བཏོན་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་པ་གིས་ དམངས་གཙོའི་རིང་ལུགས་ལུ་ ཁས་ལེན་འབད་ཐོག་ལས་ རྒྱལ་ཡོངས་ཀྱི་ ལས་སྣ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ལུ་ གཙོ་རིམ་བཟུང་སྟེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་མཐུན་འབྲེལ་ཚོགས་པ་གིས་ཡང་ འགོ་ཁྲིད་པའི་ སོར་སྒྱུར་འབད་ཡོདཔ་ད་ གཙོ་འཛིན་གྱི་གོ་གནས་དེ་ ཚོགས་པའི་གཙོ་འཛིན་ ཀུན་དགའ་ཚེ་རིང་གིས་ དགོངས་ཞུ་འབད་བའི་ཤུལ་ལས་ གཙོ་འཛིན་འོག་མ་ བཅོ་ལྔ་ཚེ་རིང་(པི་ཨེཆི་ཌི་)ལུ་ རྩིས་སྤྲོད་འབད་ཡོདཔ་ད་ འགྱུར་བ་དེ་ ཚོགས་པ་གི་དོན་ལུ་ གོ་རིམ་གསརཔ་ཅིག་ཨིནམ་ད་ དེ་ཡང་ བཅོ་ལྔ་ཚེ་རིང་གིས་ ཚོགས་པ་ཡར་དྲག་གཏང་ནི་གི་ འགན་ཁུར་འབག་ནི་དེ་གིས་ཨིན་པས།
བཅོ་ལྔ་ཚེ་རིང་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁོ་ར་ ད་རེས་ ཚོགས་པའི་ གནས་སྐབས་གཙོ་འཛིན་སྦེ་ ཕྱག་ཞུ་དོ་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཀུན་དགའ་ཚོ་རིང་གིས་ སྲིད་དོན་ལས་ དགོངས་ཞུ་འབད་ཡོདཔ་ཨིན་ན་ ཡང་ཅིན་ ལོག་འོང་ནིའི་ འཆར་གཞི་ཡོད་མེད་ཀྱི་སྐོར་ལས་ བརྡ་དོན་ཚུ་ ག་ནི་ཡང་མེད་ཟེར་ཨིན་པས།
བཅོ་ལྔ་ཚེ་རིང་གིས་ སླབ་མིའི་ནང་ ཚོགས་པའི་གཙོ་འཛིན་གསརཔ་ བཙག་འཐུ་འབད་ནིའི་ཐད་ཁར་ ཚོགས་པའི་མཉམ་འབྲེལ་བ་ཚུ་ལུ་ རག་ལས་ཟེར་ཨིནམ་ད་ འབྲུག་མཐུན་འབྲེལ་ཚོགས་པ་གིས་ སྤྱི་ལོ་༢༠༢༨ ལུ་ ལོག་འོང་ཚུགས་ནིའི་དོན་ལུ་ ད་ལྟོ་ ང་གིས་ ཚོགས་པ་ལུ་ རྒྱབ་སྐྱོར་འབད་དོ་ཟེར་ ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།