བཀྲིས་ཕུན་ཚོགས།

༉ སྤ་རོ་ལས་ སྐྱེས་ལོ་༣༧ ལང་མི་ རྟ་མགྲིན་རྡོ་རྗེ་གིས་ ཐིམ་ཕུག་ གླང་རྒྱུག་ཕར་ཁ་ལུ་ཡོད་པའི་ མདའ་རྩེད་ཐང་ནང་ ཐེངས་༢ པའི་ འབྲུག་ཆེ་རིམ་མདའ་རྩེད་འགྲན་བསྡུར་འབད་མི་ལས་ དྲག་ཤོས་ཨང་༢ པ་ཐོན་ཏེ་ དངུལ་གྱི་རྟགས་མ་ཐོབ་ཡོདཔ་ཨིན་པས།

སྤྱི་ཟླ་༥ པའི་ཚེས་༡༢ ལུ་ འགོ་འདྲེན་འཐབ་མི་ འབྲུག་ཆེ་མཐོའི་མདའ་རྩེད་འགྲན་བསྡུར་ནང་ རྟ་མགྲིན་རྡོ་རྗེ་གིས་ རྒྱ་གར་ལས་ པཱནཌ་ཡ་ལ་ ཀའུ་ཌ་རི་དང་མཉམ་ མཐའ་བཅད་རྐྱབ་པའི་སྐབས་ སྐུགས་༤ གིས་ ཕམ་སོཔ་ད་ དེ་ཡང་ རྟ་མགྲིན་རྡོ་རྗེ་གིས་ བསྡོམས་ཀྱིས་སྐུགས་༡༣༩ ཐོབ་ད་ ཨང་དང་པ་ཐོན་མི་གིས་ སྐུགས་༡༤༣ ཐོབ་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ ད་རེས་ཀྱི་ རྩེད་འགྲན་ནང་ འབྲུག་ལས་ རྟ་མགྲིན་རྡོ་རྗེ་གིས་ རྟགས་མ་ཐོབ་མི་ ཕུད་རྡོག་གཅིག་ལས་བརྒལ་མེདཔ་ཨིན་པས།

ང་རའི་ཧོངས་ལས་ གསེར་གྱི་རྟགས་མ་འཐོབ་ཚུགསཔ་འབད་ནི་ལུ་ རྩ་འགེངས་ཞིནམ་ལས་ དོ་འགྲན་འབད་ཡོད་རུང་ ཨང་༢ པ་ལས་བརྒལ་ཐོན་མ་ཚུགས་ཟེར་ རྟ་མགྲིན་རྡོ་རྗེ་གིས་ སླབ་ཨིན་པས།

སྤྱི་ལོ་༢༠༢༢ ལུ་ འབྲུག་ལུ་ ཆེ་མཐོ་མདའ་རྩེད་འགྲན་བསྡུར་འབད་མི་ལས་ རྟ་མགྲིན་རྡོ་རྗེ་གིས་ དྲག་ཤོས་ཨང་༡ པ་ཐོན་ཏེ་ གསེར་གྱི་རྟགས་མ་ཐོབ་ཡོདཔ་ཨིན་པས།

དེ་འབདཝ་ད་ དུས་ཅི་ཡང་ དྲག་ཤོས་ཨང་༢ པ་ཐོན་ཏེ་ དངུལ་གྱི་རྟགས་མ་ཐོབ་མི་དེ་གཙོ་བོ་ར་ འབྲུག་ཨོ་ལིམ་པིག་ཚོགས་པ་དང་  འབྲུག་མདའ་རྩེད་ཚོགས་པ་གིས་ གོ་སྐབས་བྱིན་མི་ལུ་བརྟེན་ ང་རའི་ལྕོགས་གྲུབ་དང་ རིག་རྩལ་ཚུ་ སྟོན་ཚུགས་ཟེར་ རྟ་མགྲིན་རྡོ་རྗེ་གིས་ བཤདཔ་ཨིན་པས།

རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་པའི་མདའ་རྩེདཔ་ཚུ་གིས་ གྲུབ་འབྲས་ལེགས་ཤོམ་སྟོན་བ་ཚུགས་མི་དེ་ གཙོ་བོ་ར་ བཅའ་མར་གཏོགས་མི་ཚུ་ལུ་ ཟླ་ངོ་༢ ལས་བརྒལ་ སྦྱོང་བརྡར་འབད་མ་ཚུགསཔ་མ་ཚད་ ཉིནམ་༡ ནང་ དུས་ཡུན་ཆུ་ཚོད་༢ ལས་བརྒལ་ སྦྱོང་བརྡར་འབད་མ་ཚུགས་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

མ་གཞི་ འབྲུག་པའི་རྩེད་འགྲན་པ་ཚུ་ལུ་ ཕྱི་རྒྱལ་མདའ་རྩེདཔ་ཚུ་དང་གཅིག་ཁར་ རྩེད་འགྲན་མ་འབད་བའི་ཧེ་མ་དང་ དོ་འགྲན་འབད་ཞིནམ་ལས་ གཏན་འཇགས་སྦེ་ སྦྱོང་བརྡར་དང་ ལྷབ་སྦྱང་འབད་དེ་བཞག་དགོཔ་འདུག་ཟེར་ཨིན་པས།

དེ་འབདཝ་ད་ སྤྱིར་བཏང་ལུ་ ཕྱི་རྒྱལ་གྱི་རྩེད་འགྲན་དང་ ནང་འཁོད་རྩེད་འགྲན་མཇུག་བསྡུ་ཞིནམ་ལས་ བཅའ་མར་གཏོགས་མི་དང་ མ་གཏོགས་མི་མདའ་རྩེདཔ་ག་ར་ལུ་ རྒྱུན་མ་ཆདཔ་སྦེ་ སྦྱོང་བརྡར་དང་ སློབ་སྟོན་འབད་དགོཔ་འདུག་ཟེར་ཨིན་པས།

ཉིནམ་༢ ཀྱི་  འབྲུག་ཆེ་རིམ་མདའ་རྩེད་འགྲན་བསྡུར་ནང་ འབྲུག་དང་ རྒྱ་གར་ དེ་ལས་ བང་ལ་དེཤ་ལས་ དོ་འགྲན་འབད་མི་ ཕྱི་རྒྱལ་མདའ་གཞུ་ཐོག་ལས་ མདའ་རྐྱབ་མི་ མདའ་རྩེདཔ་༣༠ གིས་ དོ་འགྲན་འབད་ཡོདཔ་བཞིན་དུ་ དེ་ཁར་ ཨམ་སྲུ་༡༢ ཡོདཔ་ཨིན་པས།

འདས་པའི་ལོ་དང་ཕྱདཔ་ད་ དུས་ཅི་ མདའ་རྩེདཔ་༨ ཡར་སེང་སོང་ཡོདཔ་ལས་ མདའ་རྩེདཔ་དང་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབྲུག་ཆེ་རིམ་མདའ་རྩེད་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ཡར་སེང་སོང་ཡོདཔ་མ་ཚད་ མདའ་རྩེདཔ་དྲག་ཤོས་ཚུ་ཡང་ ཕྱི་རྒྱལ་ལས་ བཅའ་མར་གཏོགས་མི་གིས་ ཐོན་དོ་ཡོདཔ་ལས་ འབྲུག་པའི་བཅའ་མར་གཏོགས་མི་ཚུ་གིས་ རིག་རྩལ་དང་ ཉམས་མྱོང་ལེ་ཤ་ཅིག་ར་ ཐོབ་ཚུགས་པས་ཟེར་ཨིན་པས།

རྒྱལ་ཁབ་༣ གྱི་ མདའ་རྩེདཔ་ཚུ་གི་བར་ན་ དོ་འགྲན་འབད་མི་ལས་ རྟགས་མ་མཐོ་ཤོས་ར་ རྒྱ་གར་ལས་ཐོན་ཡོདཔ་ཨིན་པས།

འབྲུག་གི་ཨམ་སྲུ་ཚུ་གི་གྲས་ལས་ མཐའ་བཅད་འོག་མའི་རྩེད་འགྲན་འབདཝ་ད་ རྡོ་རྗེ་སྒྲོལ་མ་དེ་ ཕམ་བཏང་ཡོདཔ་ད་ དེ་ཡང་ རྡོ་རྗེ་སྒྲོལ་མ་གིས་ སྐུགས་༡༤༠ ཐོབ་པའི་སྐབས་ རྒྱ་གར་ལས་ ས་ལོ་ནི་ ཀིར་རར་གྱིས་ སྐུགས་༡༤༢ ཐོབ་ཡོདཔ་ཨིན་པས།

འབྲུག་མདའ་རྩེད་ཚོགས་པའི་ སློབ་སྟོན་པ་ བཀྲིས་ཚེ་རིང་གིས་ སླབ་མིའི་ནང་ འབྲུག་ལས་ རྩེད་རིགས་ནང་ དོ་འགྲན་འབད་མི་ཚུ་ མདའ་རྩེདཔ་དྲག་ཤོས་ཐོན་མི་ཚུ་ གདམ་ཁ་རྐྱབ་ཞིནམ་ལས་ བཅའ་མར་གཏོགས་བཅུག་པའི་ཁར་ མདའ་རྩེདཔ་དྲག་ཤོས་༤ དེ་ རྒྱལ་སྤྱི་གི་མདའ་རྩེད་འགྲན་བསྡུར་ནང་ དོ་འགྲན་འབད་ཐབས་ལུ་ གདམ་ཁ་འབད་དེ་ཡོད་ཟེར་ཨིན་པས།

འབྲུག་ལས་ དྲག་ཤོས་ཐོན་མི་ཨང་༤ པ་ཚུན་འབད་མི་ཚུ་ དུས་ཅི་ སྤྱི་ཟླ་༡༡ པའི་ནང་ བེང་ཀོག་ལུ་ ཨེ་ཤི་ཡཱན་རྒྱལ་རྟགས་ཀྱི་དོན་ལུ་ རྩེད་འགྲན་འབད་བར་འགྱོ་ནི་ཨིན་པས།

ཆེ་རིམ་མདའ་རྩེད་འགྲན་བསྡུར་ནང་ འབད་བ་ཅིན་ མདའ་རྩེདཔ་ཚུ་གིས་ གཞུ་འཐེན་ནི་དང་ མདའ་གཏང་ཐབས་ཀྱི་ ཅ་ཆས་ སའེཊི་དང་ ཊི་གར་ཚུ་ ལག་ལེན་འཐབ་མི་ལུ་བརྟེན་ མདའ་རྩེདཔ་ཚུ་ སྤུས་ཚད་དང་ལྡནམ་སྦེ་ འཐོན་ནི་ལུ་ ཐོ་ཕོག་ཡི་ཟེར་ཨིན་པས།

མདའ་རྩེདཔ་ཚུ་གིས་ སླབ་མིའི་ནང་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ ད་རུང་ ཊི་གར་དང་ སའེཊི་ཚུ་ ལག་ལེན་འཐབ་ཆོགཔ་སྦེ་ གནང་བ་བྱིན་པ་ཅིན་ མདའ་རྩེདཔ་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

Advertisement