༉ ལཱ་གི་གནས་སྟངས་རྩུབ་དྲགས་དང་ ལཱ་གཡོག་མ་ཐོབ་མི་ དེ་ལས་ འཚོ་བའི་ཟད་འགྲོ་མཐོ་དྲགས་གནས་མི་ལུ་བརྟེན་ དམིགས་བསལ་དུ་ སློབ་ཕྲུག་ཚུ་ཡོད་པའི་ འབྲུག་མི་༣༠༠ ལྷགཔ་ཅིག་གིས་ ཀེ་ན་ཌ་ནང་ མེག་སི་ཀོ་ལས་ ཡུ་ནའེ་ཊེཊ་ ཨིསི་ཊེཌསི་ལུ་ འཛུལ་ནིའི་དོན་ལས་ འཛམ་གླིང་ནང་ ས་མཚམས་རིང་ཤོས་ཅིག་ཨིན་མི་ ཀི་ལོ་མི་ཊར་༨,༨༩༡ འབད་མི་ ཀེ་ན་ཌ་དང་ ཡུ་ཨེསི་བར་ནའི་ ས་མཚམས་བརྒལ་ནི་ལུ་ དཔའ་བཅམ་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༡༠ པ་ཚུན་ ཟླཝ་༡༢ ཀྱི་ནང་འཁོད་ལུ་ ཡུ་ཨེསི་གི་ དབང་འཛིན་ཚུ་གིས་ ཡུ་ཨེསི་དང་ ཀེ་ན་ཌ་ས་མཚམས་ཀྱི་ ཉེ་འདབས་ལུ་ མི་༢༣,༠༠༠ ལྷགཔ་ཅིག་ འཛིན་བཟུང་འབད་ཡོདཔ་ད་ དེ་ཡང་ ཧེ་མའི་ལོ་དང་ཕྱདཔ་ད་ གྱངས་ཁ་ལོག་ལྟབ་སྦེ་ ཡར་སེང་སོང་ཡོདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ ཕྱི་འབྲེལ་དང་ཕྱིར་ཚོང་ལྷན་ཁག་གིས་ ཀེ་ན་ཌ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ ཁྲིམས་འགལ་ཐོག་ལས་ ཡུ་ནའེ་ཊེཊ་ ཨིསི་ཊེཌསི་ལུ་ འཛུལ་ནིའི་དོན་ལས་ ས་མཚམས་བརྒལ་འགྱོ་མི་དེ་ སྔོན་འགོག་འབད་ནི་ལུ་དམིགས་ཏེ་ འབྲེལ་ཡོད་ངོ་ཚབ་ལས་སྡེ་ཚུ་དང་གཅིག་ཁར་ ཐབས་བྱུས་དང་ ཐབས་ལམ་ཚུ་གི་ ཟིན་བྲིས་བཏབ་ནིའི་དོན་ལུ་ འབྲེལ་གཏོགས་ཡོད་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་ཡོདཔ་ཨིན་པས།
ཐབས་བྱུས་དེ་ ད་རིས་ གྲོས་བསྟུན་འབད་ནི་སྦེ་ འཆར་གཞི་བཟོ་ཡོདཔ་ད་ དེ་ཡང་ ཕྱི་འབྲེལ་དང་ཕྱིར་ཚོང་ལྷན་ཁག་གི་ ཟུང་ཕྱོགས་ལས་དོན་ལས་ཁུངས་ཀྱིས་ ཡུ་ཨེསི་ཨེ་ ནིའུ་ཡོག་ལུ་ འབྲུག་གི་ དོན་གཅོད་ཡོངས་ཁྱབ་ལས་ སྙན་ཞུ་ཅིག་ ཐོབ་པའི་ཤུལ་ལས་ཨིན་པས།
གནས་ཚུལ་བྱུང་ཁུངས་དང་འཁྲིལཝ་ད་ འབྲུག་ལུ་ཡོད་མི་ གྲོས་སྟོན་ལས་སྡེ་ལ་ལུ་ཅིག་གིས་ འབྲུག་མི་ཚུ་ ཀེ་ན་ཌ་ལུ་ གནས་སྤོ་འགྱོ་ནིའི་དོན་ལས་ སེམས་ཤུགས་བསྐྱེད་བཅུག་པའི་ཁར་ ལྷན་ཐབས་འབད་ནིའི་དོན་ལུ་ ཁས་བླངས་འབད་ནུག་ཟེར་ཨིན་པས།
འབྲུག་མི་ཚུ་ ཀེ་ན་ཌ་ལུ་ འགྱོ་བཅུག་ནིའི་དོན་ལས་ སེམས་ལྷུ་མི་ འབྲུག་ལུ་ཡོད་པའི་ ངོ་ཚབ་ལས་སྡེ་ཚུ་ དྲན་པ་བཏོན་དགོཔ་འདུག་ཟེར་ གནས་ཚུལ་བྱུང་ཁུངས་ཀྱིས་ བཤད་ཡོདཔ་ད་ ཁོང་གི་ ཚོང་སྒྱུར་དེ་གིས་ འབྲུག་མི་ཚུ་གི་ཚེ་སྲོག་ ཉེན་ཁ་ཅན་ནང་ ཚུད་བཅུགཔ་མས་འེར་ཨིན་པས།
གནས་ཚུལ་བྱུང་ཁུངས་གཞན་ཅིག་གིས་ གསལ་སྟོན་འབད་མིའི་ནང་ ཀེ་ན་ཌ་ལུ་ གདོང་ལེན་བྱུང་མི་ཚུ་ལུ་བརྟེན་ འབྲུག་མི་ལ་ལུ་ཅིག་ ཁྲིམས་འགལ་ཐོག་ལས་ བྱ་ཐབས་མེད་པར་ ཡུ་ནའེ་ཊེཊ་ ཨིསི་ཊེཌསི་ལུ་ འཛུལ་ནིའི་དཔའ་བཅམ་དགོཔ་ ཐོན་ནུག་ཟེར་ཨིནམ་ད་ དེ་ཡང་ གོ་སྐབས་ལེགས་ཤོམ་འཐོབ་ཚུགས་པའི་ རེ་བ་བསྐྱེད་ནི་དེ་གིས་ཨིན་པས།
གནས་ཚུལ་བྱུང་ཁུངས་ཀྱིས་ བཤད་མིའི་ནང་ ཡུ་ཨེསི་ལུ་ ཉེན་སྲུང་དང་ལྡནམ་སྦེ་ འཛུལ་ཚུགས་པའི་ ཁས་བླངས་འབད་དེ་ ལ་ལུ་ཅིག་ལུ་ ཡུ་ཨེསི་ཌོ་ལར་༤,༠༠༠ དང་༥,༠༠༠ གི་བར་ན་ སྤྲོད་བཅུག་ཡོདཔ་ཨིན་རུང་ བྱ་རིམ་དེ་ ཁས་བླངས་འབད་མི་བ་ལས་ ལཱ་ཁག་འདུག་ཟེར་ཨིན་པས།
འབྲུག་གི་ དོན་གཅོད་ཡོངས་ཁྱབ་དང་གཅིག་ཁར་ འབྲེལ་བ་འཐབ་ནིའི་ དཔའ་བཅམ་རུང་ མཐར་འཁྱོལ་འབྱུང་མ་ཚུགསཔ་ད་ འབྲུག་ལུ་ ཕྱི་འབྲེལ་དང་ཕྱིར་ཚོང་ལྷན་ཁག་གིས་ གནད་དོན་དེ་ སེལ་ཐབས་འབད་དོ་ཡོད་རུང་ ད་ལྟོ་ ཁ་གསལ་སླབ་ནི་ལུ་ ངོས་ལེན་མེདཔ་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།