༉ དོན་ཧིང་གི་ ནད་གཞི་ཡོད་མི་ ནདཔ་ཉི་མ་དེ་ སྨན་བཅོས་འབད་མ་ཚུགས་པར་ ཟླཝ་ལས་བཅད་དེ་ ན་ཟུག་རྐྱབ་སྡོད་ཡོད་པའི་མཐའ་མར་ ཐིམ་ཕུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ནདཔ་ཕྱི་རྒྱལ་ལུ་གཏང་མི་ ཚོགས་ཆུང་གིས་ སྐྱེས་ལོ་༤༨ ལང་མི་དེ་ སྨན་བཅོས་འབད་བར་ རྒྱ་གར་ ཀཱོལ་ཀ་ཏ་ལུ་ གཏང་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
ནདཔ་ཉི་མ་དེ་ ནད་ཡམས་ཞི་བའི་ཤུལ་ལས་ སྨན་བཅོས་འབད་བར་ ཀཱོལ་ཀ་ཏ་ལུ་བཏང་མི ནདཔ་སྡེ་ཚན་དང་པ་ཨིནམ་བཞིན་དུ་ ཉི་མ་དེ་ བདུན་ཕྲག་༢ དེ་ཅིག་གི་རིང་ སྨན་བཅོས་འབད་དེ་ ལོག་རྒྱལ་ཁབ་ནང་ ལྷོད་ཡོདཔ་ཨིན་པས།
ད་རེས་ ཉི་མ་ལུ་ བསྒྱུར་བཅོས་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ད་ ཁོ་རའི་ གཟུགས་ཁམས་འཕྲོད་བསྟེན་དེ་ ཨ་རྟག་ཧར་ལུགས་ཀྱི་ གནས་སྟངས་ཐོག་ལུ་ ལྷོད་ཡོདཔ་བཞིན་དུ་ འཚོ་སྐྱོང་ལེགས་ཤོམ་འཐབ་སྟེ་ ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞུང་གིས་ ཁོ་ར་ རྒྱ་གར་གྱི་ སྨན་ཁང་སྦོམ་ཅིག་ནང་ སྨན་བཅོས་འབད་བར་བཏང་ཡོད་པའི་ དགའ་ཚོར་ཧིང་གི་གདིངས་ལས་ར་ བསྐྱེད་དེ་ཡོདཔ་ད་ གཞུང་གིས་ ཁོ་ར་ སྨན་བཅོས་འབད་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་༣༠༠,༠༠༠ བཏང་ཡོད་པའི་ཁར་ ཉིན་བསྟར་གྱི་ དགོས་མཁོ་འགྲུབ་ནིའི་དོན་ལས་ གཞུང་གིས་ ཁོ་དང་ ཁོ་ར་དང་གཅིག་ཁར་འགྱོ་མི་ལུ་ཡང་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
སྨན་བཅོས་ཀྱི་ ཟད་འགྲོ་ལུ་ལྟཝ་ད་ ཉི་མ་གི་ ལོ་༢ ཀྱི་དངུལ་ཕོགས་བཟུམ་ཅིག་ གནས་དོ་ཡོདཔ་ཨིན་པས།
ཉི་མ་ལོ་རྒྱུས་དེ་ གཞན་དང་མ་འདྲཝ་ཅིག་མེདཔ་ད་ མང་ཤོས་ཅིག་གིས་ གསོ་བའི་ཞབས་ཏོག་ རིན་མེད་སྟོང་པར་བྱིན་པའི་ཁར་ ཟད་འགྲོ་ལེ་ཤ་བཏང་སྟེ་ རྒྱ་གར་གྱི་ སྨན་ཁང་ཚུ་ནང་ བཏང་མི་ལུ་ མི་ཚུ་གིས་ བཀྲིན་དགའ་ཚོར་བསྐྱེད་དོ་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༧ པ་ལས་ དུས་ཅི་ སྤྱི་ཟླ་༤ པའི་ནང་འཁོད་ལུ་ སྨན་བཅོས་འབད་བར་ ནདཔ་༡,༠༠༠ དེ་ཅིག་ རྒྱ་གར་གྱི་སྨན་ཁང་ཚུ་ནང་ བཏང་ཡོདཔ་བཞིན་དུ་ ནད་པའི་གྱངས་ཁ་དེ་ ཡར་འཕར་སོང་སྟེ་ཡོདཔ་ད་ གཞུང་ལུ་ཡང་ འདས་པའི་ལོ་ཚུ་ལས་ འགོ་བཙུགས་ཏེ་ མ་དངུལ་དང་འབྲེལ་བའི་ སྟབས་མ་བདེཝ་ཚུ་ ཐོན་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༡ དང་༢༠༢༢ ཀྱི་བར་ན་ གསོ་བ་ལྷན་ཁག་གིས་ འབྲུག་པའི་ནདཔ་ཚུ་ ཕྱི་རྒྱལ་ལུ་ སྨན་བཅོས་འབད་བར་བཏངམ་ད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༠༦.༧ གནས་ཡོདཔ་ད་ སྤྱི་ལོ་༢༠༢༢ དང་༢༠༢༣ གྱི་བར་ན་ དངུལ་ཀྲམ་ས་ཡ་༥༠༡ ལས་ སྤྱི་ལོ་༢༠༢༣ ལས་ དུས་ཅི་ སྤྱི་ཟླ་༤ པའི་ནང་འཁོད་ལུ་ དངུལ་ཀྲམ་ས་ཡ་༥༢༩.༩༥ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༡ དང་༢༠༢༣ གྱི་བར་ན་ ཕྱི་རྒྱལ་ལུ་ སྨན་བཅོས་འབད་བར་བཏང་མི་དེ་ བརྒྱ་ཆ་༡༥༤.༣ དེ་ཅིག་ ཡར་འཕར་སོང་ཡོདཔ་བཞིན་དུ་ ཟད་འགྲོ་ཡང་ སྤྱི་ལོ་༢༠༢༡ དང་༢༠༢༤ ལུ་ དངུལ་ཀྲམ་ཐེར་འབུམ་༡.༢ དེ་ཅིག་ ཡར་སེང་སོང་ཡོདཔ་མ་ཚད་ དུས་ཅི་ སྤྱི་ཟླ་༦ པའི་ ནང་འཁོད་ལུ་ ད་རུང་ དངུལ་ཀྲམ་ས་ཡ་༨༠ ལས་ དངུལ་ཀྲམ་ས་ཡ་༡༠༠ དེ་ཅིག་ དགོས་མཁོ་བྱུང་ཡོདཔ་ཨིན་པས།

ཕྱི་རྒྱལ་ལུ་ ནད་གཞི་ག་བཟུམ་ཐོབ་མི་ནདཔ་ཚུ་ བཏང་དོ་ཡོདཔ་ཨིན་ན?
ཕྱི་རྒྱལ་ལུ་ སྨན་བཅོས་འབད་བར་བཏང་མི་ ནདཔ་ཚུ་ཡང་ ནད་གཞི་ཀེན་སར་གྱི་ སྨན་བཅོས་དང་ རྩ་དང་འབྲེལ་བའི་ གཤག་བཅོས་འབད་དགོ་པའི་དགོས་མཁོ་བྱུང་མི་ དོན་ཧིང་གི་ནད་གཞི་ཐོབ་མི་ མཁལ་རྡོག་གི་ནདཔ་ པུས་མོ་དང་སྐེདཔ་ཚབ་བཙུགས་ ས་བཅོས་གནས་སྟངས་ དེ་ལས་ གཤག་བཅོས་འབད་དགོ་མི་ཚུ་ཨིན་པས།
རྒྱལ་ཡོངས་གསོ་བའི་ཞབས་ཏོག་གི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ཕྱི་རྒྱལ་ལུ་ སྨན་བཅོས་འབད་མི་དེ་ཡང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་ནིའི་ མཐུན་རྐྱེན་ཚུ་མེད་པའི་སྐབས་ལུ་ གཏང་དགོཔ་བྱུང་དོ་ཡོདཔ་ཨིན་པས།
ཌོག་ཊར་ཚུ་གིས་ ནདཔ་ཚུ་ཡང་ ཕྱི་རྒྱལ་ལུ་ སྨན་བཅོས་འབད་བར་ ཌོག་ཊར་ཆ་རོགས་དང་ ལས་ཁུངས་ཚུ་དང་ གྲོས་བསྟུན་འབད་ཞིནམ་ལས་ བཏང་དོ་ཡོདཔ་ད་ སྨན་བཅོས་འབད་བར་གཏང་ནི་གི་ མཐའ་དཔྱད་གྲོས་ཆོད་དེ་ གསོ་བའི་སྡེ་ཚན་གྱི་ ཁྲི་འཛིན་འབད་མི་ ཕྱི་རྒྱལ་ལུ་ སྨན་བཅོས་འབད་བར་གཏང་མི་ ཚོགས་ཆུང་གིས་ འབད་དོ་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ ཐོ་བཀོད་འབད་མི་དང་འཁྲིལ་བ་ཅིན་ ཕྱི་རྒྱལ་ལུ་ སྨན་བཅོས་འབད་བར་བཏང་མི་ཚུ་ཡང་ འཚོ་བའི་གནས་སྟངས་དང་ ཡང་ཅིན་ འབུ་ནད་མེད་པའི་ནད་གཞི་ལུ་བརྟེན་བྱུང་མི་ ནདཔ་ཚུ་ཡོདཔ་བཞིན་དུ་ མང་ཤོས་ར་ བཀག་ཐབས་འབད་ཚུགས་ནི་ཨིན་པས།
ལོ་བསྟར་བཞིན་དུ་ ཕྱི་རྒྱལ་ལུ་ སྨན་བཅོས་འབད་བར་བཏང་མིའི་ གྱངས་ཁ་ཡར་སོང་མི་དེ་ཡང་ གསོ་བ་བློན་པོ་བགྲེསཔ་ དྲགོས་བདེ་ཆེན་དབང་མོ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ཀྱི་ སྨན་ཁང་ཚུ་ དགོས་མཁོ་ཅན་གྱི་ ཅ་ཆས་དང་ མཁས་མཆོག་ཚུ་ མེད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གཞུང་གིས་ འཇམ་ཏོང་ཏོ་སྦེ་ ཅ་ཆས་ཚུ་ལུ་ མ་རྩ་གཞི་བཙུགས་འབད་ནི་ཨིནམ་བཞིན་དུ་ དེ་གིས་ ཟད་འགྲོ་ཡང་ མར་ཕབ་འབད་ཚུགས་ནི་ཨིནམ་ད་ ཅ་ཆས་མཁོ་སྒྲུབ་འབད་ནི་ལུ་ གདོང་ལེན་རྐྱངམ་གཅིག་མེན་པར་ ཅ་ཆས་ལག་ལེན་འཐབ་ཚུགས་པའི་ སྦྱོང་བརྡར་ཅན་གྱི་ མཁས་མཆོག་ཚུ་མེད་པའི་ཁར་ འཕྲུལ་རིག་ལག་ལེན་འཐབ་མི་ཚུ་གི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ ལོ་ལེ་ཤ་འགོར་འོང་ཟེར་ཨིན་པས།
དྲགོས་བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་ གསོ་བའི་ལམ་ལུགས་ནང་ གཞི་རྟེན་འཕྲོད་བསྟེན་བདག་འཛིན་འབད་ནི་ལུ་ གཙོ་རིམ་བཟུང་སྟེ་ཡོདཔ་ད་ ཕྱི་རྒྱལ་ལུ་བཏང་མི་ ནདཔ་ མང་ཤོས་ར་ འབུ་ནད་མེད་པའི་ནད་གཞི་དང་ ཡང་ཅིན་ འཚོ་བའི་གནས་སྟངས་ལུ་བརྟེན་ཐོབ་པའི་ ནད་གཞི་གུ་རམ་ནད་ ཁྲག་ཤུགས་ མཁལ་རྡོག་དང་མཆིནམ་ནད་ཚུ་ བཀག་ཐབས་འབད་ནི་ལུ་ ངོས་ལེན་འབད་དེ་ ཡོད་ཟེར་ཨིན་པས།
གལ་སྲིད་ འབུ་ནདཔ་མེད་པའི་ནད་གཞི་དེ་ བཀག་ཐབས་འབད་ཚུགས་པ་ཅིན་ གཞུང་གི་ཟད་འགྲོ་ཡང་ མར་ཕབ་འབད་ཚུགས་ནི་དང་ རང་ལུ་ཡང་ དཀའ་ངལ་མི་འབྱུང་ནི་ཨིན་པས།
མི་མང་གསོ་བའི་འཕྲོད་བསྟེན་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ འབུ་ནད་མེད་པའི་ནད་གཞི་དང་ འབུ་ཉེན་གྱི་ ནད་གཞི་བཀག་ཐབས་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ཡང་ སྣ་མང་སྦེ་ འབད་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་རྒྱ་མཚོ་གིས་ སླབ་མིའི་ནང་ མི་མང་ལུ་ ག་དེ་དྲག་དྲག་ གོ་བ་བརྡ་སྤྲོད་འབད་ནིའི་དོན་ལུ་ ཐབས་ལམ་སྣ་ཚོགས་བཏོན་དོ་ཡོདཔ་བཞིན་དུ་ ནད་གཞི་ཚུ་གི་སྐོར་ལས་ རིས་མོ་ཚུ་བྲིས་ཏེ་ དུས་དང་དུས་སུ་ མི་སྡེ་བརྡ་བརྒྱུད་ཐོག་ལས་ གོ་བ་བརྡ་སྤྲོད་ཚུ་ འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ཚྭ་ཟ་བའི་ཁེ་ཕན་དང་ ནད་གཞི་སུག་སྦེ་ བདག་ཟུན་ནི་ དེ་ལས་ འབུ་ནད་མེད་པའི་ནད་གཞི་བརྩིས་ཏེ་ གོ་བ་བརྡ་སྤྲོད་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
ང་བཅས་ཀྱིས་ དུས་ཚོད་ཁར་ མི་ཚུ་ལུ་ ཞབས་ཏོག་བྱིན་ནིའི་དོན་ལས་ མཁས་མཆོག་དང་ རྒྱལ་སྤྱི་མཉམ་འབྲེལ་པ་ཚུ་དང་ ཨ་རྟག་ར་ གནས་སྐབས་གསརཔ་ཚུ་ འཚོལ་ཞིབ་འབད་དོ་ཡོདཔ་བཞིན་དུ་ མཐའ་ཟུར་གྱི་ ས་གོ་ཚུ་ནང་ཡང་ ངེས་བརྟན་འབད་དོ་ཟེར་ ཀརྨ་རྒྱ་མཚོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གིས་འབད་རུང་ བརྡ་དོན་ཚུ་ཡང་ འཇོན་ཐངས་ཅན་ཅིག་སྦེ་ ལག་ལེན་འཐབ་ནི་གི་ འགན་ཁུར་ཚུ་ འབག་དགོཔ་མ་ད་ ནད་གཞི་ག་བཟུམ་དེ་ བཀག་ཐབས་ཚུགས་གའི་སྐོར་ལས་ཡང་ ཤེས་དགོ་ཟེར་ཨིན་པས།
ལྟ་རྟོག་པ་ཚུ་གིས་ སླབ་མིའི་ནང་ དྲནམ་བཏོན་ནི་ལེགས་བཅོས་དང་ བཀག་ཐབས་ཀྱི་དོན་ལས་ འཆར་དངུལ་བགོ་བཀྲམ་འབད་བ་ཅིན་ གཞུང་གི་མ་དངུལ་ ས་ཡ་ལས་བཅད་དེ་ གསོག་འཇོག་འབད་ཚུགས་ནི་ཨིན་པས།
ཌོག་ཊར་ཚུ་གིས་ བཤད་མིའི་ནང་ ནད་གཞི་བཀག་ཐབས་ཀྱི་ ལས་རིམ་གྱི་དོན་ལུ་ འཆར་དངུལ་ཚུ་ ཚད་གཅིག་ལས་བརྒལ་མེདཔ་ལས་ ཁྱད་པར་དེ་ཅིག་ར་ བཟོ་མི་ཚུགས་དོ་ཡོདཔ་ཨིན་པས།
ཨིན་རུང་ གནད་དོན་དེ་ལུ་ གསོ་བ་ལྷན་ཁག་གི་ འགོ་དཔོན་ཚུ་ ངོས་ལེན་འབད་མི་ཚུགས་དོ་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ འདས་པའི་བཅུ་ཕྲག་༣ གྱི་ གསོ་བ་དང་ ནད་གཞི་བཀག་ཐབས་ཀྱི་ ལས་རིམ་གྱིས་ སྤྱིར་བཏང་ མི་སེར་ཚུ་ལུ་ ལེགས་ཤོམ་སྦེ་ སོང་ཡོདཔ་སྦེ་ མངོན་གསལ་བྱུང་དོ་ཡོདཔ་ཨིན་པས།
འཆར་གཞི་༡༢ པའི་ནང་ གསོ་བ་ལྷན་ཁག་གིས་ བཀག་ཐབས་ལས་རིམ་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡ བོག་བཀྲམ་འབད་འབད་ཡོདཔ་ད་ འཆར་གཞི་༡༣ པའི་ནང་ བཀག་ཐབས་དོན་ལུ་ འཆར་དངུལ་དངུལ་ཀྲམ་ཐེར་འབུམ་༥ བགོ་བཀྲམ་འབད་དེ་ ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ འཆར་གཞི་༡༣ པའི་ནང་ བཀག་ཐབས་ཀྱི་དོན་ལུ་ ཧེ་མ་ འཆར་དངུལ་བརྒྱ་ཆ་༡༥ འབད་མི་ལས་ བརྒྱ་ཆ་༣༠ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ དེང་སང་གི་ འཕྲུལ་རིག་ཚུ་ གཞི་བཙུགས་འབད་དོ་ཡོདཔ་ལས་ ཕྱི་རྒྱལ་ལུ་ སྨན་བཅོས་འབད་བར་གཏང་མི་དེ་ མར་ཕབ་སོང་སྟེ་ཡོད་ཟེར་ཨིན་པས།
རྒྱལ་ཁབ་ནང་ ན་ཧིང་ སྤྱི་ཟླ་༩ པའི་ནང་ འགོ་དང་པ་ ཀཊི་ལེབ་ཅིག་ གཞི་བཙུགས་འབད་མི་དེ་གིས་ དོན་ཧིང་གི་ ནད་གཞི་ཡོད་མི་ནདདཔ་ཚུ་ལུ་ དུས་ཚོད་ཁར་ བར་འཛུལ་དང་ སྨན་བཅོས་འབད་མི་ལུ་བརྟེན་ ཕྱི་རྒྱལ་ལུ་ སྨན་བཅོས་འབད་བར་བཏང་མི་ མར་ཕབ་སོང་ཡོདཔ་ཨིན་པས།
ཞབས་ཏོག་དེ་ གཞི་བཙུགས་མ་འབད་བའི་ཧེ་མར་ ལོ་བསྟར་བཞིན་དུ་ དོན་ཧིང་དང་འབྲེལ་བའི་ ནདཔ་བརྒྱ་ལས་བཅད་དེ་ ཕྱི་རྒྱལ་ལུ་ གཏང་དགོཔ་བྱུང་ཡོདཔ་ད་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ ཟླ་རིམ་བཞིན་ རྒྱ་གར་ལུ་ ནདཔ་༡༥ ལས་༢༠ བར་ན་ སྨན་བཅོས་འབད་བར་ བཏང་དོ་ཡོདཔ་ད་ ཨིན་རུང་ ད་རེས་ མར་བབས་སོང་སྟེ་ ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement