༉ དུས་ཅི་ ལོ་འགོ་བཙུགས་ཁམས་ལུ་ འཛམ་གླིང་གློག་རིག་ཚོང་འབྲེལ་གྱིས་ ལག་ལེན་འཐབ་མི་ པི་ར་མིཌ་གཡོ་འཆར་ནང་ ཉམས་རྒུདཔ་བྱུང་མི་ ཞི་གཡོགཔ་ཨམ་སྲུ་ཅིག་གིས་ དངུལ་ཀྲམ་༦༠༠,༠༠༠ཤོར་ཡོདཔ་ད་ དེ་ཡང་ ལོག་སྤྲོད་མཐོ་དྲགས་དང་ ཁེ་འཐུས་ལེགས་ཤོམ་ དེ་ལས་ གསོལ་རས་ཚུ་ཡོད་པའི་ ཁས་བླངས་ཅན་གྱི་ སེམས་ལྷུ་ཐོག་ལས་ གཡོ་འཆར་འདི་གི་ ངོ་སྤྲོད་འབད་མི་ ཆ་རོགས་ཅིག་གིས་ ཟླཝ་༢ དང་༣ གྱི་ནང་འཁོད་ལུ་ མོ་རའི་ མ་རྩ་གཞི་བཙུགས་འབད་མི་དེ་ མགྱོགས་དྲགས་སྦེ་ ལོག་འཐོབ་ཚུགས་པའི་ ཁས་ལེན་འབད་ཡོདཔ་ཨིན་པས།
མོ་གིས་ ཏི་རུ་འབོར་ཆེ་ཏོག་ཏོ་སྦེ་ གཞི་བཙུགས་འབད་དགོ་པའི་སྐོར་ལས་ ཚ་གྱང་ཡོད་ལུགས་ཚུ་ བཤད་པའི་སྐབས་ གཡོ་འཆར་ཁྱབ་སྤེལ་འབད་མི་ཚུ་གིས་ མོ་ལུ་ གཞན་ལས་ ཏི་རུ་བསྐྱི་དགོ་པའི་ རྒྱུད་སྐུལ་འབད་བའི་ཁར་ དུས་ཡུན་ཐུང་ཀུ་ཅིག་ནང་ མོ་རའི་ ཏི་རུ་བཙུགས་མི་དེ་ ལོག་འཐོབ་ཚུགས་ཟེར་ ཁས་ལེན་འབད་ཡོདཔ་ཨིན་པས།
མོ་གིས་སླབ་མིའི་ནང་ དངུལ་ཁང་ནང་ལས་ སྐྱིན་འགྲུལ་ལེན་ཏེ་ འཛམ་གླིང་གློག་རིག་ཚོང་འབྲེལ་ནང་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
གཡོ་འཆར་ཁྱབ་སྤེལ་འབད་མི་ཚུ་གིས་ མོ་ལུ་ དེ་འཕྲོ་ལས་ ཏི་རུ་བཙུགས་དགོ་པའི་ ཨུ་ཚུགས་རྐྱབ་ཡོདཔ་ད་ གལ་སྲིད་ མོ་གིས་ དུས་ཚོད་ཕྱིས་སོ་པ་ཅིན་ འགོ་ཐོག་མ་དངུལ་ གཞི་བཙུགས་འབད་དགོ་མི་དེ་ དངུལ་ཀྲམ་ས་ཡ་༡ ལུ་ ཡར་སེང་འགྱོ་འོང་ཟེར་ སླབ་ཡོདཔ་མ་ཚད་ ཁོང་གིས་ ཚོང་འབྲེལ་དེ་ མི་དྲག་དྲགམ་ཚུ་གིས་ རྒྱབ་སྐྱོར་འབད་དེ་ཡོད་ཟེར་ མོ་ལུ་ ཧེང་སྐལ་ར་ སེམས་ཤུགས་བསྐྱེད་བཅུག་ནུག།
མོ་གིས་ ཏི་རུ་བཙུགས་པའི་ཤུལ་ལས་ དངུལ་ཀྲམ་༣༠,༠༠༠ལོག་ཐོབ་ཡོདཔ་ད་ མོ་ལུ་ ངེས་པར་དུ་ འཐུས་མི་གསརཔ་བཙུགས་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ང་བཅས་ཀྱིས་ ཉིན་གྲངས་༢༡ གི་རིང་ ཡོངས་འབྲེལ་ཐོག་ལས་ སྦྱོང་བརྡར་འབད་ཡོདཔ་བཞིན་དུ་ དེ་བསྒང་ ལས་སྡེའི་ནང་ ལཱ་འབད་མི་ཚུ་ལུ་ མགུ་བསྐོར་རྐྱབ་ནི་དང་ ལས་སྡེའི་ཚོང་འབྲེལ་གྱི་ཐབས་བྱུས་ངོ་མ་ གསལ་སྟོན་མ་འབད་ཟེར་ སླབ་ཡོདཔ་མ་ཚད་ ང་བཅས་ལུ་ ཟླཝ་༡ གི་ནང་འཁོད་ལུ་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ བཟོ་ཚུགས་པས་ཟེར་ སླབ་དགོཔ་སྦེ་ མོ་གིས་ བཤད་ཡོདཔ་ཨིན་པས།
མོ་གིས་ འཐུས་མི་གསརཔ་བཙུགས་ནི་ལུ་ ལཱ་ཁག་རྐྱབ་པའི་སྐབས་ ཏི་རུ་ལོག་སྤྲོད་དགོཔ་སྦེ་སླབ་ད་ ཁྱབ་སྤེལ་འབད་མི་ཚུ་གིས་ ཉན་མ་བཏུབ་པའི་ཁར་ མོ་ལུ་ འཕྲོ་མཐུད་དེ་ར་ འཐུས་མི་གསར་བཙུགས་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
དེ་མ་ཚད་ མོ་ར་གིས་ ཟད་འགྲོ་གཏང་སྟེ་ མ་ལ་ཤི་ཡ་ལུ་ འགྱོ་དགོཔ་སྦེ་ཡང་ སླབ་ཡོདཔ་ད་ དེའི་དོན་ལུ་ དངུལ་ཀྲམ་༦༠,༠༠༠དེ་ཅིག་ གནས་ནི་ཨིན་པས།
སྤྱི་ཟླ་༡༠པའི་ཚེས་༡༧ ལུ་ དོ་འགྲན་དང་ཉོ་སྤྱོད་དབང་འཛིན་གྱིས་ གསལ་བསྒྲགས་འབད་མིའི་ནང་ མིང་མ་འདྲཝ་སྦེ་ ལག་ལེན་འཐབ་མི་ འཛམ་གླིང་གློག་རིག་ཚོང་འབྲེལ་དེ་གིས་ པི་ར་མིཌ་གཡོ་འཆར་ཅིག་གི་ ཁྱད་ཆོས་ཚུ་ག་ར་ གསལ་སྟོན་འབདཝ་ཨིན་ཟེར་ཨིན་པས།
ཉེན་བརྡ་ཡར་བསྐྱར་འབད་རུང་ འབྲུག་མི་ལེ་ཤ་ཅིག་ར་ ཉམས་རྒུད་བྱུང་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༢༢ ལུ་ འབྲུག་རྒྱལ་ཁབ་ནང་ ཁྲིམས་འགལ་སྦེ་ ངོས་འཛིན་འབད་མི་ ཀིའུ་ནེཊ་གཡོ་འཆར་དང་ ལག་ལེན་ཆ་འདྲ་སུ་སྦེ་ ཡོདཔ་ཨིན་པས།
ཤེས་རྟོགས་བྱུང་མིའི་ནང་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ཚུ་བརྩིས་ཏེ་ འབྲུག་མི་༡,༠༠༠དེ་ཅིག་ འཛམ་གླིང་གློག་རིག་ཚོང་འབྲེལ་ནང་ འབྲེལ་གཏོགས་འབད་དེ་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།