༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་༢༠༢༣-༢༤ ཅན་མ་དང་འཁྲིལ་བ་ཅིན་ འབྲུག་ཚོང་འབྲེལ་ལས་འཛིན་ནང་ མཛོད་ཐོ་བཞག་ནི་གི་ དམ་འཛིན་ལེགས་ཤོམ་མེདཔ་ལས་ དངུལ་ཀྲམ་ས་ཡ་༡.༢ གནས་པའི་ ཨེ་པོ་ལོ་འཁོར་ལོ་༡,༠༨༣ ཆད་ལུས་ཐོན་ཏེ་ཡོདཔ་ཨིན་པས།
དབང་འཛིན་གྱིས་ སྤྱི་ལོ་༢༠༢༠-༢༢ ཚུན་ ལས་འཛིན་གྱི་ལྟེ་བ་དང་ ལུང་ཕྱོགས་ཡིག་ཚང་ཚུ་ནང་ དངོས་སུ་སྦེ་ སྣུམ་འཁོར་གྱི་འཁོར་ལོ་ཚུ་ བདེན་དཔྱད་འབད་བའི་སྐབས་ ཐོ་བཀོད་བཞག་མི་དང་ མཛོད་ཁང་ནང་ཡོད་མི་༢ ཀྱི་བར་ན་ ཁྱད་པར་ཐོན་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ ལུང་ཕྱོགས་ཡིག་ཚང་ནང་ དངུལ་ཀྲམ་༤༨༦,༩༠༩.༩༥ གནས་པའི་ འཁོར་ལོ་༥༧༦ ཡོདཔ་ད་ ཐིམ་ཕུག་གི་ ཡིག་ཚང་ལྟེ་བའི་ནང་ དངུལ་ཀྲམ་༧༡༩,༤༦༡.༩༩ གནས་པའི་ འཁོར་ལོ་༤༨༩ ཆད་ཐོན་ཏེ་ ཡོདཔ་ཨིན་པས།
དབང་འཛིན་གྱིས་ བཀོད་མིའི་ནང་ འཁོར་ལོ་ཆད་ཐོན་མི་དེ་ཡང་ ནང་འཁོད་ཚད་འཛིན་དང་ ལྟ་རྟོག་ལེགས་ཤོམ་མེད་མི་ དེ་ལས་ མགུ་མཐུད་པའི་འོས་འབབ་སྦོམ་ཡོདཔ་ད་ གལ་སྲིད་ ལེགས་ཤོམ་སྦེ་ ལྟ་རྟོག་འབད་བ་ཅིན་ དེ་བཟུམ་མའི་ དཀའ་ངལ་ཚུ་ བྱུང་དགོཔ་མེད་ཟེར་ཨིན་པས།
རྩིས་ཆད་ཐོན་པའི་ཤུལ་ལས་ འབྲུག་ཚོང་འབྲེལ་ལས་འཛིན་གྱི་ འཛིན་སྐྱོང་གིས་ ཨེ་པོ་ལོ་འཁོར་ལོ་ལྟ་མི་ སྡེ་ཚན་དེ་ ཚབ་བཙུགས་འབད་ཐོག་ལས་ རྩིས་སྤྲོད་ལེན་ ཁ་གསལ་འབད་ཡོདཔ་ཨིན་པས།
ལས་འཛིན་གྱིས་ བཀོད་མིའི་ནང་ ཡིག་ཚང་ལྟེ་བ་དང་ ལུང་ཕྱོགས་ཡིག་ཚང་༢ ཆ་རའི་ འགོ་འཛིན་གྱི་ རྩིས་སྤྲོད་ལེན་གྱི་ཐོ་ཚུ་ ཆད་ལུས་དང་ འཐེབ་ཚུ་ དབྱེ་ཞིབ་འབད་ནིའི་དོན་ལས་ ཕུལ་ཏེ་ཡོདཔ་ཨིན་པས།
དབང་འཛིན་གྱིས་ ལས་སྡེའི་རྒྱུ་ཆས་ཚུ་ ཚུལ་མིན་འབད་མི་ལུ་བརྟེན་ འབྲེལ་ཡོད་འགན་འཁྲི་ཅན་ལུ་ དང་ལེན་འབད་དགོཔ་སྦེ་ གྲོས་འདེབས་བཀོད་དེ་ཡོདཔ་ད་ ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་བགྲེསཔ་དང་ ཨེ་པོ་ལོ་འཁོར་ལོའི་ འགོ་འཛིན་བགྲེསཔ་ དེ་ལས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་ བཙོང་གི་བཀོད་ཁྱབ་ཚུ་གིས་ ཐད་ཀར་དུ་ འགན་ཁྲི་འབག་དགོཔ་ཨིན་པས།
གནད་དོན་དེ་ ཞིབ་དཔྱད་འབད་ནིའི་དོན་ལུ་ ངན་ལྷད་བཀག་སྡོ་ལྷན་ཚོགས་ལུ་ བྱིན་ཏེ་ཡོདཔ་ཨིན་པས།
དབང་འཛིན་གྱིས་ རམ་ཏོག་ཏོ་དང་ ཆུ་ཁ་གི་ ས་སྣུམ་བླུག་ས་དང་ འཛིན་སྐྱོང་ལམ་ལུགས་ཐོ་བཀོད་བར་ནའི་ ཁྱད་པར་ཞུགས་མི་གི་ གནས་ཐོ་ཚུ་ཡང་ ཐོབ་མ་ཚུགས་པར་ ཡོདཔ་ཨིན་པས།
ལས་འཛིན་གྱིས་ ལན་གསལ་འབད་མི་དང་འཁྲིལ་བ་ཅིན་ ཁྱད་པར་ཞུགས་མི་དེ་ཡང་ སྡེ་ཚན་གྱི་དབྱེ་ཡང་ གདམ་ཁ་རྐྱབ་པའི་སྐབས་ ནོར་བ་བྱུང་མི་ལུ་བརྟེན་ཨིནམ་ད་ ངེས་བདེན་སྦེ་ མ་ཐོན་མི་གིས་ ཐོ་བཀོད་ལུ་ ཐོ་ཕོགས་ཡོད་རུང་ ཚོང་འབྲེལ་ཚུ་ ཐོ་བཀོད་ནང་ དཀའ་ངལ་མ་བྱུང་པར་ འབད་ཡི་ཟེར་ཨིན་པས།
གནད་དོན་ཚུ་ སེལ་ཐབས་ལུ་ ལམ་ལུགས་དུས་མཐུན་བརྩིས་ཏེ་ ཐབས་ལམ་ཚུ་བཏོན་ཡོད་རུང་ དབང་འཛིན་གྱིས་ བཀོད་མིའི་ནང་ འབྲུག་ཚོང་འབྲེལ་ལས་འཛིན་གྱིས་ དཀའ་ངལ་བྱུང་རུང་ ཚད་འཛིན་གྱི་ ཐབས་ལམ་ལེགས་ཤོམ་ཅིག་ མ་ཐོན་པས་ཟེར་ཨིན་པས།
དབང་འཛིན་གྱིས་ ལས་འཛིན་ལུ་ ཆད་ལུས་ཐོན་མི་དང་ བདེན་དཔྱད་ཀྱི་དོན་ལུ་ འབྲེལ་ཡོད་ཡིག་ཆ་བཟོ་ནི་ དེ་ལས་ མ་འོངས་པ་ལུ་ དེ་བཟུམ་མའི་ དཀའ་ངལ་འབྱུང་ནི་ བཀག་ཐབས་ལུ་ ཐབས་ལམ་ལེགས་ཤོམ་ཅིག་ བཏོན་དགོ་པའི་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
དབང་འཛིན་གྱིས་ བཀོད་མིའི་ནང་ ལས་འཛིན་གྱིས་ འོང་འབབ་དང་ གནས་ཐོ་འཛིན་སྐྱོང་གི་དོན་ལུ་ ལག་ལེན་གནས་ཚད་བྱ་སྒོ་དེ་ དང་ལེན་མ་འབད་བས་ཟེར་ཨིན་པས།
གནས་ཐོ་ཚུ་ དུས་དང་དུས་སུ་ བདེན་དཔྱད་འབད་ནི་དང་ ལས་འཛིན་གྱིས་ ཆད་ལུས་ཐོན་མི་ཚུ་ འགན་ཁག་ཅན་ཚུ་ལས་ ལེན་དགོཔ་སྦེ་ དབང་འཛིན་གྱིས་ བཀོད་དེ་ཡོདཔ་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལས་སྡེ་ལུ་ སྣུམ་འཁོར་བཙོང་ནིའི་དོན་ལུ་ ཚོང་མགྲོན་པ་ཚུ་ལས་ དངུལ་ཀྲམ་ས་ཡ་༣༠༠ ལྷགཔ་ཅིག་ བཏབ་དགོཔ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement