༉ སྤྱི་ཟླ་༧ པའི་ཚེས་༡ ལུ་ འབྲུག་རྒྱལ་ཉེན་སྲུང་ཚད་ཀྱིས་ གསོ་བའི་ཉེན་བཅོལ་ལམ་ལུགས་གསརཔ་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དེ་གིས་ གཞུང་ལུ་ ནདཔ་ཚུ་ཕྱི་ཁར་ སྨན་བཅོས་འབད་བར་གཏང་པའི་སྐབས་ ཟད་འགྲོ་ལྕི་དྲགས་གནས་མི་དང་འབྲེལ་བའི་ གདོང་ལེན་ཚུ་ སེལ་ཚུགས་ནི་ཨིན་པས།
ཕྱི་རྒྱལ་ཁབ་ནང་ ནདཔ་ཚུ་ཡང་ ཀེན་སར་སྨན་བཅོས་དང་ ཀླདཔ་དང་འབྲེལ་བའི་གཤག་བཅོས་ དོན་ཧིང་ནད་གཞི་ཡོད་མི་ དེ་ལས་ གཤག་བཅོས་དགོས་མཁོ་བྱུང་མི་ ནདཔ་གཞན་ཚུ་ བཏང་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་གསོ་བའི་ཞབས་ཏོག་ལས་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ དགོས་མཁོ་ཅན་གྱི་ གཤག་བཅོས་འབད་ནིའི་དོན་ལུ་ ཅ་ཆས་མེདཔ་ལས་ ནདཔ་ཚུ་ ཕྱི་ཁར་བཏང་དགོཔ་ བྱུངམ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༢༡ དང་༢༠༢༢ ཀྱི་བར་ན་ གསོ་བ་ལྷན་ཁག་གིས་ ནདཔ་ཕྱི་ཁར་བཏང་མིའི་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༠༦.༦ གནས་མི་ལས་ སྤྱི་ལོ་༢༠༢༢ དང་༢༠༢༣ གྱི་བར་ན་ དངུལ་ཀྲམ་ས་ཡ་༥༠༡ དེ་ཅིག་ ཡར་འཕར་སོང་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༢༣ ལས་༢༠༢༤ ཟླ་༤ པའི་ ནང་འཁོད་ལུ་ དངུལ་ཀྲམ་ས་ཡ་༥༢༩.༩༥ དེ་ཅིག་ ཡར་འཕར་སོང་ཡོདཔ་ད་ སྤྱི་ལོ་༢༠༢༤ མཇུག་མ་བསྡུ་ཚུན་ ད་རུང་ ཁ་སྐོང་དངུལ་ཀྲམ་ས་ཡ་༨༠ དང་༡༠༠ དགོཔ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༡ ལས་༢༠༢༣ ནང་འཁོད་ལུ་ ནདཔ་ཕྱི་ཁར་བཏང་མི་དེ་ བརྒྱ་ཆ་༡༥༤.༣ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༢༡ ལས་༢༠༢༤ ལུ་ གཞུང་གིས་ ནདཔ་ཕྱི་ཁར་ སྨན་བཅོས་འབད་བར་བཏང་མི་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༡.༢ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
གཞུང་ལུ་ དངུལ་འབྲེལ་དང་འབྲེལ་བའི་ གདོན་ལེན་སེལ་ཐབས་ལུ་ འབྲུག་རྒྱལ་ཉེན་སྲུང་ཚད་ཀྱིས་ གསོ་བའི་ཉེན་བཅོལ་ལམ་ལུགས་གསརཔ་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཉེན་བཅོལ་ཚུ་ཡང་ རྒྱལ་ཁབ་དང་ ཕྱི་ཁར་སྡོད་མི་ འབྲུག་མི་ཚུ་གིས་ ཟླཝ་༦ ལྷགཔ་སྦེ་ ཐོབ་ཚུགས་ནི་ཨིནམ་ད་ ད་རེས་ ཉེན་བཅོལ་ལམ་ལུགས་དེ་ རྒྱ་གར་ལུ་ སྨན་བཅོས་འབད་མི་ ཟད་འགྲོ་རྐྱངམ་གཅིག་ བྱིན་ནི་ཨིན་པས།
ཉེན་བཅོལ་ནང་ དམིགས་བསལ་ཁྱད་ཆོས་དེ་ ན་ལོན་༢ དང་ ཨ་ལོ་༣ བརྩིས་ཏེ་ བཟའ་ཚང་ག་ར་ལུ་ ཉེན་བཅོལ་ཐོབ་ཚུགས་ནི་དང་ རྒྱ་གར་ལུ་ སྨན་བཅོས་འབད་བར་ འགྱོ་ནིའི་དོན་ལུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ ཡི་གུ་ག་ནི་ཡང་ མི་དགོ་ནི་ཨིན་པས།
དེ་མ་ཚད་ ཉེན་བཅོལ་ལམ་ལུགས་ཐོག་ལས་ ལོ་༢ ཀྱི་བར་ན་ཚར་རེ་ རིན་མེད་སྟོང་པ་སྦེ་ སྨན་བཅོས་ཀྱི་ ཞབས་ཏོག་ཚུ་ ཐོབ་ཚུགས་ནི་དང་ ཕྱི་རྒྱལ་ནདཔ་གི་ཞབས་ཏོག་ཚུ་ཡང་ ཉིན་མའི་གཅེས་སྐྱོང་བྱ་སྒོ་དང་ སྨན་བཅོས་ཚུ་ དུས་ཡུན་ཆུ་ཚོད་༢༤ ལས་མ་ཉུངམ་ཅིག་ ཐོབ་ཚུགས་ནི་ཨིན་པས།
ཉེན་བཅོལ་སྲིད་བྱུས་ ཟད་འགྲོ་དེ་ དངུལ་ཀྲམ་༣༠༠,༠༠༠ ལས་༡,༠༠༠,༠༠༠ ཚུན་ གཤག་བཅོས་ཁག་༡༥༠ དེ་ཅིག་ ཁྱབ་ཚུགས་ནི་ཨིན་པས།
འབྲུག་རྒྱལ་ཉེན་སྲུང་ཚད་ཀྱི་ ཡོངས་ཁྱབ་འཛིན་སྐྱོང་པ་ ཀུན་དགའ་གིས་ སླབ་མིའི་ནང་ གསོ་བའི་ཉེན་བཅོལ་དེ་ བྱིན་ཚུགས་ནི་ཨིནམ་བཞིན་དུ་ ག་ར་གིས་ ཐོབ་ཚུགསཔ་སྦེ་ བཟོ་ཡི་ཟེར་ཨིན་པས།
ད་ལྟོའི་ གསོ་བའི་ཉེན་བཅོལ་གྱི་ རིམ་སྤྲོད་འཐུས་ མཐོ་དྲགས་སྦེ་ཡོདཔ་ད་ ཨིན་རུང་ གསོ་བའི་ཉེན་བཅོལ་དེ་གིས་ སྨན་བཅོས་ཐོབ་ཚུགས་བཟོ་ཡོདཔ་ད་ ཉེན་བཅོལ་ཡང་ རིམ་སྤྲོད་ཐོག་ལས་ བྱིན་ཚུགས་ནི་ཨིན་པས།
དཔེར་ན་ མི་རེ་གི་ ཉེན་བཅོལ་དངུལ་ཀྲམ་༣༠༠,༠༠༠ གི་འབད་བ་ཅིན་ མི་ངོམ་རེ་གིས་ ཟླཝ་༡༢ ཀྱི་ནང་འཁོད་ལུ་ རིམ་སྤྲོད་དངུལ་ཀྲམ་༧,༠༠༠ སྦེ་ བྱིན་ཚུགས་ནི་ཨིན་པས།
ད་ལྟོའི་ གནས་སྟངས་ནང་ ཉེན་བཅོལ་ཐོབ་ནི་གི་ དུས་ཡུན་དེ་ འགོ་བཙུགས་ཞིནམ་ལས་ ལོ་༢ ཀྱི་རིང་ལུ་ཨིནམ་ད་ ལས་རིམ་གྱིས་ ནང་འཁོད་ནདཔ་སྐྱེལ་འདྲེན་སྣུམ་འཁོར་གྱི་ གླ་འཐུས་དང་ སྨན་ཁང་ནང་ སྡོད་གནས་ཀྱི་ ཟད་འགྲོ་ཚུ་ འགབ་ཚུགས་དོ་ཡོདཔ་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གསོ་བའི་ཉེན་བཅོལ་ལུ་བརྟེན་ མི་མང་ཤོས་ཅིག་གིས་ སྨན་བཅོས་ཚུ་ དུས་ཚོད་ཁར་ འཐོབ་ཚུགས་ཏེ་ ནད་གཞི་ཚུ་ གང་མགྱོགས་སྦེ་ ངོས་འཛིན་འབད་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement