༉ ཁ་ཙ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ཀྱིས་ ཉེན་བཅོལ་གྱི་ ཚོང་འབྲེལ་ལཱ་འགོ་བཙུགས་ཏེ་ མི་ལོ་༥༠ འཁོར་བའི་ཉིནམ་ བརྩི་སྲུང་འབད་ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ མི་དབང་རྒྱལ་པོའི་སྲསམོ་ ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་མཆོ་གིས་ འགོ་འབྱེད་མཛད་གནང་ཡོདཔ་ཨིན་པས།
འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་དེ་ སྤྱི་ལོ་༡༩༧༥ ཟླ་༡ པའི་ཚེས་༧ ལུ་ མི་དབང་འབྲུག་རྒྱལ་༤ པའི་ བཀའ་ཁྲིམས་འོག་ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ད་རེས་ ལས་འཛིན་དེ་ འབྲུག་པའི་དངུལ་འབྲེལ་དང་ ཉེན་བཅོལ་ལས་སྡེ་ནང་ རྨང་གཞི་བཟུམ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་ ལས་འཛིན་གྱི་ ཁྲི་འཛིན་དང་པ་དང་ དྲགོས་ཨོ་རྒྱན་རྡོ་རྗེ་གིས་ གཞི་བཙུགས་མདོ་ཆེན་སྦེ་ ཕྱག་ཞུ་ནུག།
ལས་རིམ་གྱི་སྐབས་ ལས་འཛིན་གྱི་བཀོད་ཁྱབ་མདོ་ཆེན་ ཀརྨ་གིས་ ལས་འཛིན་གྱི་ གྲུབ་འབྲས་སྐོར་ལས་ གསལ་བཤད་འབད་ཡོདཔ་ད་ སྤྱི་ལོ་༢༠༢༤ ལུ་ ལས་འཛིན་གྱིས་ ཞབས་ཏོག་མ་འདྲ་བའི་ཐོག་ལས་ ཉེན་བཅོལ་སྦེ་ དངུལ་ཀྲམ་ཐེར་འབུམ་༧༦ བྱིན་ཡོདཔ་མ་ཚད་ སྤྱིར་བཏང་ཉེན་བཅོལ་རྐྱངམ་གཅིག་ དངུལ་ཀྲམ་ཐེར་འབུམ་༤.༥ འབད་ཡོདཔ་ཨིན་པས།
ལས་འཛིན་གྱི་ ཞབས་ཏོག་གཙོ་བོ་ར་ ཚེ་སྲོག་ཉེན་བཅོལ་དང་ སྤྱིར་བཏང་ཉེན་བཅོལ་ ཉེན་སྲུང་དང་བར་ཚོང་ཉེན་བཅོལ་ སྐྱིན་འགྲུལ་དང་མ་རྩ་གཞི་བཙུགས་ དེ་ལས་ ཉེན་བཅོལ་བསྐྱར་རྙེད་ཞབས་ཏོག་ཚུ་ཨིན་པས།
བཀོད་ཁྱབ་གཙོ་འཛིན་གྱིས་ སླབ་མིའི་ནང་ ལས་འཛིན་གྱི་ ཕན་འདེབས་ཡོངས་བསྡོམས་ཀྱིས་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ ལྷག་སོ་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ ལས་འཛིན་གྱིས་ འོང་འབབ་ཁྲལ་བཏབ་པའི་ཤུལ་ལས་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༡.༢ བཟོ་མི་འབདཝ་ད་ ལས་བྱེདཔ་རེ་གི་ ཁེབ་སང་དངུལ་ཀྲམ་ས་ཡ་༢.༩ དེ་རེ་ བཟོ་ཡོདཔ་ཨིན་པས།
ལས་འཛིན་གྱི་ སྤྱིར་བཏང་ཉེན་བཅོལ་དབྱེ་ཁག་ལས་ རིམ་སྤྲོད་འཐུས་ཡོངས་བསྡོམས་ལས་ དངུལ་ཀྲམ་ཐེར་འབུམ་༡.༢ བཟོ་མི་ལས་ དངུལ་ཀྲམ་ས་ཡ་༥༠༠ དེ་ ཐོབ་བརྗོད་བཀོད་མི་ཚུ་ལུ་ ཉེན་བཅོལ་སྦེ་ བྱིན་ཡོདཔ་ཨིན་པས།

ཚེ་སྲོག་ཉེན་བཅོལ་གྱི་ རིམ་སྤྲོད་འཐུས་ དངུལ་ཀྲམ་ཐེར་འབུམ་༡.༤ ལས་ ལྷག་ཡོདཔ་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༡.༢༥ དེ་ ཐོབ་སྤྱོད་བཀོད་མི་ཚུ་ལུ་ འཛིན་གྲོལ་འབད་ཡོདཔ་ཨིན་པས།
ཉེན་བཅོལ་སླར་རྙེད་ལག་ལེན་གྱིས་ རིམ་སྤྲོད་འཐུས་ལུ་ དངུལ་ཀྲམ་ས་ཡ་༡༡༧ ཕན་འདེབས་དང་ དངུལ་ཀྲམ་ས་ཡ་༡༢༣ དེ་ ཐོབ་བརྗོད་བཀོད་མི་ཚུ་ལུ་ བྱིན་ཡོདཔ་ཨིན་པས།
ལས་འཛིན་གྱིས་ སྤྱི་ལོ་༡༩༩༣ ལུ་ བདོག་གཏད་ཤོག་དངུལ་ གཞི་བཙུགས་ཡོདཔ་ད་ དེ་གིས་ དངུལ་འབྲེལ་ཚོང་ལམ་ནང་ ལཱ་འགན་གཙོ་བོ་ཅིག་སྦེ་ འབག་སྟེ་ཡོདཔ་བཞིན་དུ་ ཚོང་འབྲེལ་༦,༡༨༧ ཐོག་ལས་ ཚོང་འབྲེལ་གནས་གོང་ དངུལ་ཀྲམ་ས་ཡ་༣༤༦ ཕན་ཐབས་འབད་དེ་ ཐོ་བཀོད་ཅན་གྱི་ ཚོང་མགྲོན་པ་༡༥,༧༢༩ ལུ་ ཞབས་ཏོག་བྱིན་ཏེ་ ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༦ ལས་ ལས་འཛིན་གྱིས་ བགོ་བཤའི་མ་རྩ་ བསྐྱར་རྙེད་བརྒྱ་ཆ་༣༥ དང་ ལོ་བསྟར་ མ་རྩ་བསྐྱར་རྙེད་ བརྒྱ་ཆ་༡༥ འགྲུབ་ནི་ལུ་ དམིགས་གཏད་བསྐྱེད་ཡོདཔ་ཨིན་པས།
ལས་འཛིན་གྱིས་ ཉེན་བཅོལ་ནང་འཛུལ་ བརྒྱ་ཆ་༡.༣༩ ལས་༢ ལུ་ ཡར་སེང་འབད་ འཆར་གཞི་ཡོད་པའི་ཁར་ སྤྱི་ལོ་༢༠༢༦ ལས་ སྤྱིར་བཏང་ ཉེན་བཅོལ་ཚོང་ལམ་ བགོ་བཤའ་བརྒྱ་ཆ་༨༩ རྒྱ་སྐྱེད་འབད་ནི་གི་ ལས་རིམ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཞབས་ཏོག་ལུ་ ཁས་ལེན་དང་ དགའ་ཚོར་སྦེ་ ལས་འཛིན་གྱིས་ ཁྲིམས་སྲུང་འགག་སྡེ་ལུ་ མེ་བསད་སྣུམ་འཁོར་ཊཱག་༡ དང་ ཌི་མེསི་༡ བྱིན་ཡོདཔ་བཞིན་དུ་ དེ་གིས་ གློ་བུར་གདོང་ལེན་འབད་ནི་ལུ་ ཕན་ཐབས་འབད་ཚུགས་ནི་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement