༉ རྒྱལ་ཁབ་ནང་ འཕྲུལ་སྐར་གཞི་བཞག་གི་ ཡོངས་འབྲེལ་ཞབས་ཏོག་བྱིན་ནིའི་དོན་ལུ་ གཞུང་གིས་ ཨི་ལཱོན་ མགསི་ ཨིསི་ཊར་ལིངཀི་ཞབས་ཏོག་སྒེར་སྡེ་ཚད་འཛིན་ལུ་ ཐོ་བཀོད་ཅན་གྱི་ ཕྱིའི་མ་རྩ་གཞི་བཙུགས་ལས་སྡེ་ཅིག་སྦེ་ ཆ་འཇོག་འབད་ནུག།
དེ་ཡང་ སྤྱི་ཟླ་༧ པའི་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ཨིསི་ཊར་ལིངཀི་གི་ འཛམ་གླིང་ཆོག་ཐམ་གི་མདོ་ཆེན་ རི་བེ་ཀ་ཧཱན་ཊར་༢ ཀྱི་བར་ན་ ཞལ་འཛོམས་འཚོགས་པའི་ཤུལ་ལས་ གྲོས་ཆོད་བྱུང་ཡོདཔ་བཞིན་དུ་ དེ་བསྒང་ འབྲུག་གཞུང་འཕྲུལ་རིག་ལས་སྡེ་ལུ་ ཨིསི་ཊར་ལེངཀི་ ལག་ལེན་འཐབ་པ་ཅིན་ འོས་འབབ་བརྟག་ཞིབ་འབད་དགོ་པའི་ འགན་ཁུར་སྤྲོད་ཡོདཔ་ཨིན་པས།
སའི་དབྱིབས་དང་ ཨིན་ཊར་ནེཊ་ཞབས་ཏོག་ མ་ལྷོད་པའི་མི་དང་འབྲེལ་བའི་ གདོང་ལེན་བྱུང་མི་ ས་གོ་ཚུ་ནང་ ཨིསི་ཊར་ལིངཀི་གི་ འཕྲུལ་སྐར་གཞི་བཞག་འཕྲུལ་རིག་དེ་ འོས་འབབ་སྦོམ་སྦེ་ མཐོང་ཡོདཔ་ཨིན་པས།
འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ ཡོངས་འབྲེལ་ཞབས་ཏོག་གི་ སྤྱོད་འཐུས་སྐོར་ལས་ གསལ་བསྒྲགས་འབད་མི་དང་འཁྲིལ་བ་ཅིན་ ཨིསི་ཊར་ལེངཀི་གོང་ཚད་གཞི་བཀོད་ནང་ ཚོང་འབྲེལ་དང་ ས་གནས་ཚུ་ནང་སྡོད་མི་ གཞུང་ དེ་ལས་ མོ་བཱ་ཡལ་ལག་ལེན་འཐབ་མི་ཚུ་གི་དོན་ལུ་ འཆར་གཞི་ལས་སྣ་ མ་འདྲཝ་བཟོ་སྟེ་ཡོདཔ་བཞིན་དུ་ ཟླ་རིམ་བཞིན་དུ་ ཨིན་ཊར་ནེཊ་གོང་ཚད་དེ་ དངུལ་ཀྲམ་༣,༠༠༠ ལས་ དངུལ་ཀྲམ་ས་ཡ༢.༡ གནས་ནི་མས་ཟེར་ཨིན་པས།
ས་གནས་ཚུ་ནང་ སྡོད་མི་ཚུ་གི་དོན་ལུ་ ཨིསི་ཊར་ལེངཀི་གིས་ ཡོངས་སྒྲིལ་(པེ་ཀེཆ་) ལེ་ཤ་བྱིན་ཏེ་ཡོདཔ་བཞིན་དུ་ སྤྱོད་འཐུས་གོང་ཚད་ ཟླ་རིམ་རེ་ལུ་ དངུལ་ཀྲམ་༣,༠༠༠ ཨིནམ་ད་ སྐྱེལ་སྤྲོད་མགྱོགས་ཚད་ ཨེམ་བི་པི་ཨེསི་༢༣-༡༠༠ དང་གཅིག་ཁར་ ཚད་མེད་ཀྱི་ཌ་ཊ་ འཐོབ་ཚུགས་ནི་ཨིན་པས།
ས་གནས་ནང་སྡོད་མི་ཚུ་གི་ གནས་ཚད་འཆར་གཞི་དེ་ དངུལ་ཀྲམ་༤,༢༠༠ གནས་དོ་ཡོད་མི་གིས་ མགྱོགས་ཚད་ ཨེམ་བི་པི་ཨེསི་༢༥-༡༠༠ བྱིན་ཚུགས་ནི་ཨིན་པས།
བརྒྱུད་འཕྲིན་ལས་སྡེ་ཚུ་དང་ ག་བསྡུར་རྐྱབ་པའི་སྐབས་ འབྲུག་བརྒྱུད་འཕྲིན་ཚད་ཀྱིས་ ཨེམ་བི་པི་ཨེསི་རེ་ལུ་ དངུལ་ཀྲམ་༥༥༠ ལུ་ ཉུང་མཐའ་ ཨེམ་བི་པི་ཨེསི་༢ ཐོབ་དོ་ཡོདཔ་ལས་ འབྲུག་བརྒྱུད་འཕྲིན་ཚད་ཀྱིས་ ཨེམ་བི་པི་ཨེསི་༢༣ ལུ་ དངུལ་ཀྲམ་༡༢,༦༥༠ གནས་ནི་ཨིནམ་ད་ ཨེམ་བི་པི་ཨེསི་༢༥ གིས་ དངུལ་ཀྲམ་༡༣,༧༥༠ གནས་ནི་ཨིན་པས།
བཀྲིས་བརྒྱུད་འཕྲིན་ཀྱི་ བོ་རོཊ་བེན་སྤྱོད་འཐུས་དེ་ མགྱོགས་ཚད་ཨེམ་བི་པི་ཨེསི་༢ ལས་༩༩ ལུ་ དངུལ་ཀྲམ་༦༧༥ གི་བར་ན་ཡོད་པའི་ཁར་ རིམ་སྤྲོད་འཐུས་ཀྱི་གོང་ཚད་ དངུལ་ཀྲམ་༡,༠༠༠ ཡོདཔ་ཨིན་པས།
མ་གཞི་ ཨིསི་ཊར་ལིངཀི་གིས་ མགྱོགས་ཚད་ཤུགས་སྦེ་བྱིན་ནིའི་ ཁས་བླངས་འབད་རུང་ ད་ལྟོ་ཡོད་པའི་ ཞབས་ཏོག་བྱིན་མི་ཚུ་དང་ཕྱདཔ་ད་ འཆར་གཞི་ཚུ་ གོང་ཚད་མཐོ་དྲགས་ཡོད་མི་ལུ་བརྟེན་ དམིགས་བསལ་གྱིས་ འོང་འབབ་བར་མའི་ཁྱིམ་གུང་ཚུ་གིས་ ལག་ལེན་འཐབ་ནི་ལུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས།
ཚོང་འབྲེལ་དང་ གཞུང་ དེ་ལས་ གཙུག་སྡེ་ཚུ་ལུ་ ཨིསི་ཊར་ལིངཀི་གིས་ ཨིན་ཊར་ནེཊ་མགྱོགས་ཚད་ ཨེམ་བི་པི་ཨེསི་༥༠-༢༢༠ བར་ན་ བྱིན་དོ་ཡོདཔ་ད་ ཌ་ཊ་ཇི་བི་༤༠ ལུ་ དངུལ་ཀྲམ་༥,༩༠༠ ལས་ ཌ་ཊ་ཊི་བི་༦ ལུ་ དངུལ་ཀྲམ་༡༠༦,༠༠༠ ཚུན་ ཡོདཔ་ཨིན་པས།
འབྲུག་བརྒྱུད་འཕྲིན་གྱི་ ལས་འཛིན་འཆར་གཞི་དེ་ སྤྱོད་ཚུགསཔ་སྦེ་ཡོད་རུང་ མགྱོགས་ཚད་ལེ་ཤོ་མེད་པའི་ཁར་ ཚད་འཛིན་ཌ་ཊ་ཡོདཔ་ད་ བཀྲིས་བརྒྱུད་འཕྲིན་གྱི་ ཚོང་འབྲེལ་བོ་རོཊ་བེན་ ལམ་ལུགས་དེ་ རིན་ཆུང་ཁེ་སྦོམ་སྦེ་ཡོད་རུང་ མགྱོགས་ཚད་ལེགས་ཤོམ་མེད་པའི་ཁར་ ཨིསི་ཊར་ལིངཀི་གིས་ བྱིན་དོ་བཟུམ་ ཌ་ཊ་ནུས་ཚད་ཡོདཔ་ཨིན་པས།
མཁས་མཆོག་ཚུ་དང་འཁྲིལ་བ་ཅིན་ ཨིསི་ཊར་ལེངཀི་གི་ འཕྲུལ་སྐར་གཞི་བཞག་གི་མཐུད་སྦྲེལ་ལུ་ ་ ཡོངས་འབྲེལ་དང་འབྲེལ་བའི་ གདོང་ལེན་བྱུང་མི་ འབྲུག་གི་ མཐའ་ཟུར་དང་ གྲོང་གསེབ་ཀྱི་ས་གོ་ཚུ་ནང་ ཁེ་ཕན་སྦོམ་ཡོདཔ་ཨིན་པས།
གངས་རི་དང་ གཞི་རྟེན་མཐུན་རྐྱེན་ ཚད་གཅིག་ལས་བརྒལ་མེདཔ་ལས་ དེ་གིས་ ཀ་རིང་རྐྱབ་མ་ཚུགས་པའི་ དཀའ་ངལ་ལུ་བརྟེན་ ཁྲོམ་དང་ གྲོང་གསེབ་ས་གོ་༢ ཆ་ར་ནང་ ཐོགས་ལུས་ཀྱི་གདོང་ལེན་བྱུང་དོ་ ཡོདཔ་ཨིན་པས།
ཁྲོམ་ནང་སྡོད་མི་ཚུ་གི་དོན་ལུ་ འཕྲལ་འཕྲལ་ར་ མགྱོགས་ཚད་དང་འབྲེལ་བའི་ དཀའ་ངལ་བྱུང་རུང་ འབྲུག་དང་ བཀྲིས་བརྒྱུད་འཕྲིན་གྱི་ ཞབས་ཏོག་ཚུ་གིས་ རིན་ཆུང་ཁེ་སྦོམ་སྦེ་ འཐོབ་ཚུགས་ནི་ཨིན་པས།
འཕྲལ་ཁམས་ཅིག་ཁར་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་བློན་པོ་གིས་ ཤུལ་མའི་ཟླཝ་ཚུ་ལས་ འབྲུག་དང་ བཀྲིས་བརྒྱུད་འཕྲིན་ལས་སྡེ་༢ ཀྱིས་ ཌ་ཊ་སྤྱོད་འཐུས་བརྒྱ་ཆ་༥༠ དེ་ཅིག་ཕབ་ནི་ལུ་ གསལ་བསྒྲགས་འབད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།