༉ རྒྱལ་ཁབ་ནང་ རང་བཞིན་མིན་པའི་ཐོན་སྐྱེད་ཚུ་ ཡུན་བརྟན་མེདཔ་དང་ མར་བབས་སོང་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་བཞིན་དུ་ གསོག་འཇོག་ཅན་གྱི་རྡོ་སོལ་དང་ ཊ་ཡལ་ཚུ་ རྫོགས་ཡོད་པའི་ཁར་ ཐོན་སྐྱེད་ལ་ལོ་ཅིག་ནང་ མར་ཕབ་འགྱོ་བའི་ གནས་སྟངས་ལུ་ཡོདཔ་ཨིན་པས།
མཐའ་འཁོར་གནས་སྟངས་ཀྱི་ གནས་སྡུད་༢༠༢༤ ཅན་མ་དང་འཁྲིལ་བ་ཅིན་ གཏེར་རྫས་གཙོ་ཅན་ རྡོ་དཀར་དང་ ཙུ་ནེ་རྡོ་ རྡོ་དཀར་ཇིཔ་སམ་ དེ་ལས་ ལྕགས་རྡོ་ཚུ་ གནས་སྟངས་དེ་ འདྲཝ་ཅིག་སྦེ་ འགྱུར་ཏེ་ཡོདཔ་སྦེ་ མངོན་གསལ་བྱུང་ནུག།
ཧེ་མ་ ཁག་ཆེ་བའི་ཐོན་སྐྱེད་ཅིག་སྦེ་ བརྩི་འཇོག་འབད་མི་ འབྲུག་གི་རྡོ་སོལ་དེ་ ད་རེས་ མར་བབས་སོང་སྟེ་ཡོདཔ་ད་ སྤྱི་ལོ་༢༠༡༤ ལས་༢༠༢༣ གྱི་ནང་འཁོད་ལུ་ སྤྱིར་སྙོམས་ལུ་ ལོ་བསྟར་ རྡོ་སོལ་མེ་ཊིག་ཊཱོན་ས་ཡ་༠.༡༣ བཏོན་ཡོདཔ་ད་ སྤྱི་ལོ་༢༠༡༨ དང་༢༠༡༩ ལུ་ མེ་ཊིག་ཊཱོན་ས་ཡ་༠.༡༩ བཏོན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༩ འི་ནང་འཁོད་ལུ་ གསོག་འཇོག་ཅན་གྱི་ ཐོན་སྐྱེད་དེ་ མར་བབས་སོང་ཡོདཔ་མ་ཚད་ སྤྱི་ལོ་༢༠༢༣ ལུ་ རྡོ་དཀར་དེ་ ཕུད་རྡོག་གཅིག་ཡང་མེད་པར་ རྫོགས་ཡོདཔ་ཨིན་པས།
ཚད་ལས་བརྒལ་ཏེ་ བཏོན་མི་དང་དང་ གསོག་འཇོག་གསརཔ་མེདཔ་ལས་ རྡོ་དཀར་དེ་ ཡུན་བརྟན་སྦེ་ གནས་མི་ཚུགས་དོ་ཡོདཔ་ཨིན་པས།
དབྱེ་དཔྱད་འབད་མི་ཚུ་གིས་ རང་བཞིན་མིན་པའི་ཐོན་སྐྱེད་ཚུ་ མར་བབས་སོང་མི་ རྒྱུ་རྐྱེན་གཙོ་བོ་ར་ ཚད་ལས་བརྒལ་ཏེ་བཏོན་མི་དང་ བཟོ་གྲྭ་ཁང་ཚུ་ནང་ མཁོ་འདོད་བཀོད་མི་ལུ་བརྟེན་ གསོག་འཇོག་གསརཔ་ མེདཔ་བཟོ་ནུག་ཟེར་ཨིན་པས།
གནད་དོན་དེ་ལུ་བརྟེན་ རྒྱལ་ཁབ་ཀྱིས་ རྡོ་དཀར་ལུ་ རེ་ནི་མར་ཕབ་དོན་ལུ་ འཕྲལ་མཁོ་ཅན་ཅིག་སྦེ་ གདམ་ཁ་ཅན་གྱི་ཐབས་ལམ་ཚུ་ བཏོན་དགོཔ་འདུག་ཟེར་ཨིན་པས།
ད་རེས་ དོ་ལོ་མའིཊ་གསོག་འཇོག་དེ་ རྒྱུན་བརྟན་གྱི་ གནས་སྟངས་ལུ་ཡོདཔ་ད་ སྤྱི་ལོ་༢༠༡༤ ལས་༢༠༢༣ ཚུན་ཚོད་ སྤྱིར་སྙོམས་ལུ་ ལོ་བསྟར་ མེ་ཊིག་ཊཱན་ས་ཡ་༢.༤༤ དེ་ཅིག་ བཏོན་ཡོདཔ་ཨིན་པས།
མཐོ་ཤོས་ར་ སྤྱི་ལོ་༢༠༡༩ ལུ་ ཊཱོན་ས་ཡ་༣.༠༣ བཏོན་ཡོད་རུང་ སྤྱི་ལོ་༢༠༢༣ ལུ་ རྒྱུན་བརྟན་ཐོག་ ཊཱོན་ས་ཡ་༡༤,༥༡༢.༥༢ བཏོན་ཡོདཔ་ཨིན་པས།
རྡོ་དཀར་གསོག་འཇོག་དེ་ རིམ་གྱིས་སྦེ་ མར་བབས་སོང་སྟེ་ཡོདཔ་བཞིན་དུ་ ཁ་སྐོང་གསོག་འཇོག་ ག་ནི་ཡང་མེདཔ་ད་ ལོ་བསྟར་སྤྱིར་སྙོམས་ལུ་ ཊཱོན་ས་ཡ་༡.༡༧ དང་ སྤྱི་ལོ་༢༠༡༩ ལུ་ ཊཱོན་ས་ཡ་༡.༥༥ བཏོན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ མཇུག་བསྡུ་བའི་སྐབས་ ཊཱོན་ས་ཡ་༡༤༩.༩༥ བཏོན་མི་དེ་ སྤྱི་ལོ་༢༠༡༣ ལས་ ཊཱོན་ས་ཡ་༡༢.༦༦ དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།
ཇིཔ་སམ་རྡོ་དཀར་བཏོན་ནི་དེ་ རིམ་མཐུན་སྦེ་ཡོདཔ་ད་ ལོ་བསྟར་ སྤྱིར་སྙོམས་ལུ་ ཊཱོན་ས་ཡ་༠.༤༦ བཏོན་ཡོདཔ་ད་ སྤྱི་ལོ་༢༠༢༣ ལུ་ ཊཱོན་ས་ཡ་༡༢༨.༢༤ བཏོན་མི་ལས་ཚུར་ འགྲོས་ཀྱིས་སྦེ་ འདས་པའི་ལོ་ཚུ་ལས་ མར་བབས་སོང་ཡོདཔ་ཨིན་པས།
ཊ་ཡལ་ཐོན་སྐྱེད་བཏོན་ནི་དེ་ ཚ་གྱང་ཅན་ཅིག་ལུ་ གྱུར་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༡ དང་༢༠༢༢ ལུ་ ཊཱོན་ས་ཡ་༠.༠༠༠༧ དང་ སྤྱི་ལོ་༢༠༢༣ ལུ་ ཊཱན་ས་ཡ་༠.༠༠༠༤ དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།
ཊ་ཡལ་གསོག་འཇོག་དེ་ སྤྱི་ལོ་༢༠༡༨ ལས་ རྫོགས་ཡོདཔ་ལས་ གསོག་འཇོག་དབྱེ་ཞིབ་དང་ ཁ་སྐོང་བཟོ་ནི་ལུ་ དེ་ཐོག་གི་ བར་འཛུལ་འབད་དགོཔ་ཡོདཔ་ཨིན་པས།
སྙན་ཞུ་དེ་ ལྕགས་དང་འབྲེལ་བའི་གནད་དོན་དེ་ ལྕགས་རྡོ་རྐྱངམ་གཅིག་ བཀོད་དེ་ཡོདཔ་ད་ ལོ་བསྟར་ སྤྱིར་སྙོམས་ལུ་ ཊཱན་ས་ཡ་༠.༣ དེ་ཅིག་ བཏོན་ཡོདཔ་ད་ སྤྱི་ལོ་༢༠༢༣ ལོ་མཇུག་ལུ་ ཊཱན་ས་ཡ་༢.༤༡ བཏོན་ཡོདཔ་ཨིན་པས།
མ་གཞི་ ལྕགས་རྡོའི་ཐོན་སྐྱེད་དེ་ ཚད་གཅིག་ལས་བརྒལ་མེད་རུང་ རིམ་མཐུན་བཏོན་ནི་གི་ ཚད་གཞི་ཚུ་ ཡོདཔ་ཨིན་པས།
བསགས་ཚད་ ཚད་གཅིག་ལས་བརྒལ་མེད་རུང་ བྱེམ་མཁོ་འདོད་བཀོད་མི་ ལེ་ཤ་ཡོདཔ་ད་ བྱེམ་ཐོན་སྐྱེད་འབད་ནི་དེ་ རྒྱ་ཆེ་དྲགས་སྦེ་ར་ འགྱུར་བ་སོང་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་ ཐོན་སྐྱེད་དེ་ ཀི་བི་ཕིཊ་ས་ཡ་༣༢.༨༥ ཡོདཔ་ད་ བཀོག་བཏང་མི་དེ་ ཀི་བི་ཕིཊ་ས་ཡ་༣༢.༥༥ ལྷོད་ཡོདཔ་ཨིན་པས།
ཨིན་རུང་ ཐོན་སྐྱེད་དང་ འཕྲོ་བརླག་སོང་མི་དེ་ སྤྱི་ལོ་༢༠༢༣ ལུ་ ཀི་བི་ཕིཊ་ས་ཡ་༡༦.༨༥ ལུ་ མར་བབས་སོང་ཡོདཔ་ལས་ ཐོན་སྐྱེད་ལང་མ་ཚུགས་ནི་ ཡང་ཅིན་ མཁོ་འདོད་བཀོད་མི་ མར་འབབ་འགྱོ་ནིའི་ བརྡ་མཚོན་སྟོནམ་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ ཀིའུ་བིག་ཕིཊ་ས་ཡ་༣.༢༧ བཏོན་ཡོདཔ་ད་ སྤྱི་ལོ་༢༠༢༨ ལུ་ ལོག་ཐོབ་ཀིའུ་བིག་ཕིཊ་ས་ཡ་༡.༥༩ དེ་ དམའ་ཤོས་ཅིག་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།