༉ གནམ་གཤས་འགྱུར་བགྲོད་དང་བསྟུནམ་ད་ སྤྱིར་བཏང་བཅུད་ལྡན་སའི་རིགས་ཚུ་ མེད་ཐབས་མེདཔ་ཅིག་འབད་རུང་ ཐོན་སྐྱེད་ཀྱི་དོན་ལུ་ གདོང་ལེན་འབྱུང་དོ་ཡོདཔ་ལས་ འདི་བཟུམ་གྱི་ སྐྱེ་ལྡན་གནས་སྟངས་དེ་གིས་ ཚེ་སྲོག་རྒྱུན་སྐྱོང་འཐབ་པའི་ཁར་ གནོད་ཉེན་ཅན་གྱི་བཙོག་རླུང་ཚུ་ ཚད་འཛིན་འབད་དོ་ཡོདཔ་ཨིན་པས།
དེ་འབདཝ་ད་ སའི་འཕྲོད་བསྟེན་དེ་ ཉེན་ཁ་ཅན་ཅིག་ལུ་འགྱུར་དོ་ཡོད་མི་དེ་ཡང་ སྤུས་ཚད་ལྡན་པའི་རླུང་མ་མེད་པའི་ཁར་ བཟའ་སྤྱོད་ཐོན་སྐྱེད་དང་ ཆུའི་ཐོན་ཁུངས་ དེ་ལས་ གཞན་དང་གཞན་ཡང་ ཞི་བདེ་ཚུ་ལུ་ གནོད་འཚུབས་ཅན་སྦེ་ ཡོདཔ་ཨིན་པས།
འཛམ་གླིང་ནང་ ས་བཅུད་མར་ཉམས་འགྱོ་མི་དེ་ ཚ་གྱང་ཅན་ཅིག་ཨིནམ་ད་ ཚོད་དཔག་ཐོག་ལས་འབད་བ་ཅིན་ ཧ་ལམ་ དཔྱ་༣ དེ་ཅིག་ འཛམ་གླིང་གི་ས་ཆ་ཚུ་ལུ་ གནོད་པ་བྱུང་ཡོདཔ་བཞིན་དུ་ སའི་སྐོར་ལས་ ནང་འཁོད་གཞུང་སྐྱོང་འཕྲུལ་རིག་པེ་ནཱལ་གྱིས་ འབད་བ་ཅིན་ ས་བཅུད་མར་ཉམས་དེ་ སྤྱི་ལོ་༢༠༧༠གི་ནང་འཁོད་ལུ་ བརྒྱ་ཆ་༥༠དེ་ཅིག་ འགྱོ་ནི་ཨིནམ་ལས་ དེ་གིས་ དཔལ་འབྱོར་ལུ་ གྱོང་རྒུད་ཡུ་ཨེས་ཌི་ཐེར་འབུམ་༦༠༠ཕོག་ནི་མས་ཟེར་ཨིན་པས།
ནང་འཁོད་གཞུང་སྐྱོང་འཕྲུལ་རིག་པེ་ནཱལ་གྱིས་ ངོས་འཛིན་བྱུང་དོ་བཟུམ་ འབད་བ་ཅིན་ ས་བཅུད་མེད་པར་ ས་རུད་ཆད་མི་གིས་ ཆུའི་སྤུས་ཚད་མར་ཉམས་དང་ ལོ་ཐོག་གི་ཐོན་སྐྱེད་མར་བབས་འགྱོ་མི་དེ་ གནད་གལ་ཅན་ཅིག་ ཨིན་ཟེར་ཨིན་པས།
འཛམ་གླིང་སྤྱི་ཚོགས་ཀྱི་ འཕྲལ་ཁམས་ལུ་ འཛམ་གླིང་དང་གཅིག་ཁར་ ཨེ་ཤི་ཡ་སའི་ཐོན་ཁུངས་ དེ་ལས་ འབྲུག་རྒྱལ་ཁབ་ཚུ་ཡང་ དེ་གི་གྲངས་སུ་བཙུགས་ཏེ་ ཞིབ་འཇུག་འབདཝ་ད་ ས་ཆ་ཡོངས་འབོར་ལས་ བརྒྱཆ་༢༡ དེ་ ཆུ་རུད་ཀྱིས་ གནོད་སྐྱོན་རྐྱབ་ཡོདཔ་ད་ རླུང་ལུ་བརྟེན་ བརྒྱ་ཆ་༩ རྫས་སྦྱོར་ལུ་བརྟེན་ བརྒྱ་ཆ་༡༡ དེ་ལས་ བརྒྱ་ཆ་༤ དེ་ ས་ཆ་མར་ཉམས་སོང་ཡོདཔ་སྦེ་ ཞིབ་འཇུག་བརྟན་ཞིབ་ནང་ ཐོན་ཡོདཔ་ཨིན་པས།
བཟའ་སྤྱོད་ཉེན་སྲུང་དང་ སྐྱེ་ལྡན་རིགས་སྣ་ དེ་ལས་ མིའི་འཕྲོད་བསྟེན་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ གནད་དོན་ཚུ་ག་ར་ གོ་རིམ་བཞིན་དུ་ ཞིབ་དཔྱད་འབད་དོ་ཡོདཔ་ཨིན་པས།
འབྲུག་དེ་ གངས་རི་ཅན་གྱི་ ས་ཆ་འབད་ནི་དེ་གིས་ ས་ཆ་མར་ཉམས་དེ་ ཧེང་སྐལ་ར་འགྱོ་དོ་ཡོདཔ་ད་ ཧི་མ་ལ་ཡའི་གངས་རི་གཞོན་ཤོས་དེ་ སྐྱེ་ལྡན་གནས་སྟངས་ལུ་ གདོང་ལེན་དང་ མཐའ་འཁོར་གནས་སྟངས་བསྒྱུར་བཅོས་ཀྱིས་ ལུང་ཕྱོགས་ནང་ ཉེན་འཚུབས་ཡོདཔ་སྦེ་ཨིན་པས།
རྒྱལ་ཡོངས་ས་ཆ་ཞབས་ཏོག་ལྟེ་བ་གིས་ རྒྱལ་ཡོངས་ནང་ ཞིབ་དཔྱད་འབདཝ་ད་ ས་ཆ་༡,༨༨༢ ནང་ གྱེན་གཟར་དྲག་ ཆརཔ་ཤུགས་སྦེ་རྐྱབ་མི་ ཚུལ་ལྡན་མེན་པའི་ སོ་ནམ་ལཱ་འབད་མི་ཚུ་ལུ་བརྟེན་ སའི་གནས་སྟངས་དེ་ མར་ཉམས་འགྱོ་ནི་ལུ་ ལྷན་གྲོགས་འབད་དོ་ཡོདཔ་སྦེ་ཨིན་པས།
སྙན་ཞུ་ལྟར་དུ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ས་ཆ་ཚུ་ མང་ཤོས་ར་ འོས་འབབ་མེདཔ་སྦེ་ ས་གསརཔ་དང་ བཅུད་ལྡན་མེདཔ་མ་ཚད་ རྒྱལ་ཁབ་ཀྱི་ ས་ནོམ་ཞིང་ལཱ་མང་ཤོས་ར་ ས་གྱེད་པ་ཚུ་གུ་ལས་ཕར་ འབད་དོ་ཡོདཔ་སྦེ་ཨིན་པས།
ལོ་བསྟར་བཞིན་དུ་ ས་བཅུད་ལྡན་པའི་སའི་རིགས་ཚུ་ ཆརཔ་ཤུགས་སྦེ་རྐྱབ་མི་གིས་ འཕྱགས་བདའ་དོ་ཡོདཔ་ད་ ཙེ་རི་རྫམ་མི་དང་ ཚུལ་ལྡན་མེན་པའི་ སོ་ནམ་ལཱ་འབད་མི་ཚུ་གིས་ གནོད་པ་ཡོདཔ་སྦེ་ སྙན་ཞུའི་ནང་འཁོད་དེ་ཡོདཔ་ཨིན་པས།
ལོ་བསྟར་བཞིན་དུ་ ས་ཐོག་ལུ་ཡོད་པའི་ བཅུད་ལྡན་གྱི་ས་ཆ་ཚུ་ ཧེག་ཊོར་རེ་ལས་ཊཱོན་༦.༤༢ རེ་ འཕྱགས་བདའ་དོ་ཡོདཔ་སྦེ་ཨིན་པས།
ཡུ་ཨེན་གྱི་ བཟའ་སྤྱོད་དང་ སོ་ནམ་ཚོགས་སྡེ་གིས་ ད་ལྟོའི་གནས་སྟངས་ཐོག་ལུ་ར་ ཚད་འཛིན་མ་འབད་བར་ སྡོདཔ་འདྲཝ་འབད་བ་ཅིན་ སྤྱི་ལོ་༢༠༥༠གི་ནང་འཁོད་ལུ་ བཅུད་ལྡན་གྱི་ས་ཆ་བརྒྱ་ཆ་༩༠དེ་ཅིག་ བྱང་ནིའི་ཉེན་ཁ་འདུག་ཟེར་ ཉེན་བརྡ་འབད་ཡོདཔ་ཨིན་པས།
ད་ལྟོ་ སའི་རློན་བཤེར་གྱི་ གནས་རིམ་གནས་ཐོ་མེདཔ་ད་ ཞིབ་འཇུག་ལྟར་དུ་འབད་བ་ཅིན་ ཤུལ་ལས་ ཆུའི་གདོང་ལེན་དང་ ཐོན་ཤུགས་ཀྱི་ ཉེན་ཁ་འབྱུང་ནི་ཨིནམ་སྦེ་ ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།