༉ འབྲུག་ལུ་ ཨ་ཅོ་གདོང་དཀར་གྱི་ བརྟག་ཞིབ་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ ཨ་ཅོ་གདོང་དཀར་༣༠༢ ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱིས་ འཛམ་གླིང་གླིང་འཛིན་པའི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ལུ་ གསལ་བསྒྲགས་འབད་ཡོདཔ་ད་ རྒྱལ་སྤྱིའི་ཉིནམ་དེ་ཡང་ གླིང་འཛིན་པ་དང་ ནགས་ཚལ་འགོ་དཔོན་ཚུ་ལུ་ ཉམས་སྲུང་འབད་ནིའི་ནང་ ཕན་གྲོགས་འབད་མི་ལུ་ ངོས་ལེན་འབད་ནིའི་དོན་ལས་ཨིན་པས།
ཨ་ཅོ་གདོང་དཀར་དེ་ འབྲུག་གི་རང་ལུགས་ནང་ རྩ་ཅན་ཅིག་ཨིནམ་བཞིན་དུ་ རབ་ཆད་ནིའི་ ཉེན་ཁ་ཡོད་པའི་སེམས་ཅན་ཅིག་སྦེ་ ཐོ་བཀོད་འབད་ཡོདཔ་ད་ འབྲུག་གི་ ཨ་ཅོ་གདོང་དཀར་དེ་ ཧི་མ་ལ་ཡན་ལུ་སྡོད་མི་ སེམས་ཅན་གྱི་རིགས་ཅིག་ཨིན་པས།
བུམ་ཐང་ཁྲིམས་ཤིང་ལ་དང་ སེང་སྒོར་ལུ་ཡོད་པའི་ ཨ་ཅོ་གདོང་དཀར་ཚུ་ ནང་པའི་དགེ་སློང་ཅིག་གི་ རྣམ་སྤྲུལ་ཅིག་ཨིན་པའི་ ཡིད་ཆེས་བསྐྱེད་མི་དེ་ཡང་ ཨ་ཅོ་གདོང་དཀར་གྱི་ སྤུ་དམརཔོ་དེ་ དགེ་སློང་གི་ གྱོན་ཆས་ཅིག་སྦེ་ ངོས་ལེན་འབད་དོ་ཡོདཔ་ཨིན་པས།
འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གླིང་ཁ་ནང་ དགའ་ས་དང་ སྤུ་ན་ཁ་ ཐིམ་ཕུག་ དེ་ལས་ སྤ་རོ་གི་ མི་སེར་ཚུ་གིས་ ཨ་ཅོ་གདོང་དཀར་ཚུ་ མཐོང་པའི་སྐབས་ རྟེན་འབྲེལ་བཟང་པོ་ཅིག་དང་ ལཱ་དང་བྱ་བ་ཚུ་ ལེགས་ཤོམ་འོང་ནིའི་ རྟགས་མཚན་ཅིག་སྦེ་ ཡིད་ཆེས་བསྐྱེད་པའི་སྐོར་ལས་ སྙན་ཞུ་ཅིག་ནང་བཀོད་ནུག།
ཨ་ཅོ་གདོང་དཀར་གྱི་ དཔེ་ཚད་ལག་ལེན་འཐབ་སྟེ་ ཌི་ཨེན་ཨེ་དབྱེ་དཔྱད་ཀྱི་དོན་ལུ་ དཔེ་ཚད་༤༨༢ བསྡུ་ལེན་འབད་མི་ལས་༤༦༢ འོས་འབབ་ཡོདཔ་སྦེ་ མཐོང་ཡོདཔ་ད་ ཌི་ཨེན་ཨེ་ཐོན་ནི་དང་ རིགས་བརྒྱུད་དབྱེ་དཔྱད་དེ་ རྒྱ་གར་གྱི་ སྲོག་ཆགས་རིག་པའི་དབྱེ་ཞིབ་ནང་ བཀོད་ཡོདཔ་ཨིན་པས།
ཌི་ཨེན་ཨེ་ཐབས་རིག་དེ་ གལ་ཅན་ཅིག་སྦེ་ མཐོང་མི་དེ་ཡང་ ཧེ་ པར་ཆས་ཐབས་ལམ་དེ་ མཐར་འཁྱོལ་ཅན་ མ་འབྱུང་མི་ལུ་བརྟེན་ཨིནམ་བཞིན་དུ་ ཨ་ཅོ་གདོང་དཀར་ཚུ་ ཤིང་གུ་སྡོད་དོ་ཡོདཔ་ལས་ པར་ཆས་ཚུ་གིས་ པར་བཏབ་མི་ཚུགས་པས་ཟེར་ ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རིགས་སྣའི་དབྱེ་ཞིབ་ནང་ ཉུང་མཐའ་ངོ་རྐྱང་༣༠༢ དཔེ་ཚད་ནང་འཁོད་ཡོདཔ་ལས་ རྒྱལ་ཁབ་ཀྱི་ ས་ཁོངས་བརྒྱ ཆ་༦ རྐྱངམ་གཅིག་ ཁྱབ་ཚུགས་ཡོདཔ་ད་ ཨ་ཅོ་གདོང་དཀར་གྱི་གྱངས་ཁ་ དེ་བ་ལྷགཔ་སྦེ་ འོང་སྲིད་ནི་ཨིནམ་ལས་ ད་རུང་ ཁས་གསལ་དབྱེ་ཞིབ་ཚུ་ འབད་དགོཔ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྩི་རང་ནགས་ཚལ་སྡེ་ཚན་དང་ རྒྱལ་འཛིན་མ་ནཱསི་གླིང་ཁ་མ་གཏོགས་ དཔེ་ཚད་བསྡུ་ལེན་འབད་བའི་ ས་ཁོངས་ག་རའི་ནང་ ཨ་ཅོ་གདོང་དཀར་ཚུ་ མཐོང་ཡོདཔ་ཨིན་པས།
ནགས་ཚལ་གཙོ་འཚིན་ བསོད་ནམས་དབང་འདུས་ཀྱིས་ སླབ་མིའི་ནང་ འབྲུག་གིས་ རང་བཞིན་ཉམས་སྲུང་འབད་ནི་ནང་ ཁས་ལེན་འབད་མི་ ཡོངས་གྲགས་ཐལ་ཏེ་ཡོདཔ་བཞིན་དུ་ ཨ་ཅོ་གདོང་དཀར་སྲུང་སྐྱོབ་ འབད་ཚུགས་ཏེ་ཡོད་ཟེར་ཨིན་པས།
ལས་ཁུངས་ཀྱི་མདོ་ཆེན་བགྲེསཔ་ བློ་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ཞིབ་འཚོབ་དེ་ ཨ་ཅོ་གདོང་དཀར་དང་ ཁོང་གི་དགོས་མཁོ་ ཧ་གོ་ནིའི་དོན་ལུ་ དྲན་རྟགས་ཅན་ཅིག་ཨིནམ་བཞིན་དུ་ སྙན་ཞུ་དེ་ཡང་ གླིང་འཛིན་འགོ་དཔོན་ཚུ་གིས་ ནགས་ཚལ་ཉམས་སྲུང་འབད་ནི་ནང་ ལཱ་རྩ་འགེངས་ཏེ་འབད་བའི་ གྲུབ་འབྲས་ཅིག་ཨིན་ཟེར་ཨིན་པས།
ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་གི་དྲུང་ཆེན་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ ཨ་ཅོ་གདོང་དཀར་སྲུང་སྐྱོབ་འབད་མི་དེ་ རིགས་སྣ་རྐྱངམ་གཅིག་ ཉམས་སྲུང་འབད་ནི་མེན་པར་ མ་འོངས་མི་ཚེ་གི་དོན་ལུ་ རྒྱལ་ཁབ་ཀྱི་ རང་བཞིན་སྲོལ་རྒྱུན་ཚུ་ ཉེན་སྲུང་འབདཝ་ཨིན་ཟེར་ཨིན་པས།
ཨ་ཅོ་གདོང་དཀར་གྱི་ བརྟག་ཞིབ་དེ་ཡང་ འབྲུག་གི་ འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་དང་ འཛམ་གླིང་མཐའ་འཁོར་མཐུན་རྐྱེན་གྱིས་ རྒྱབ་སྐྱོར་འབད་དེ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།