༉ འབྲུག་སྐྱེ་ལྡན་གནས་སྟངས་ཉམས་སྲུང་དང་ ཡུན་བརྟན་གོང་འཕེལ་དོན་ལུ་ འཆར་དངུལ་ཡུ་ཨེསི་ཌོ་ལར་ས་ཡ་༧༥ ཆད་ལུས་ཐོན་ཡོད་མི་ལུ་ འབྲུག་གིས་ གསར་བཏོད་སྐྱེ་ལྡན་གནས་སྟངས་ དངུལ་འབྲེལ་སེལ་ཐབས་ཀྱི་ ཐབས་ཤེས་ཁག་༤ ཡོད་མི་ཚུ་ ལག་ལེན་འཐབ་ནི་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༢༠ ལུ་ ལྕོགས་གྲུབ་ཡར་དྲག་གོ་བསྡུར་ཞལ་འཛོམས་འཚོགས་མིའི་ནང་ ཡུ་ཨེན་ཌི་པི་སྐྱེ་ལྡན་དངུལ་འབྲེལ་རྩོལ་སྒྲུབ་ཀྱིས་ དངུལ་འབྲེལ་གྱི་ལྷད་ཞུགས་ཡོད་མིའི་དོན་ལུ་ ལས་ཚབ་ཚུ་གི་བར་ན་ མཉམ་འབྲེལ་ཡར་སྐྱེད་བཏང་ནི་དང་ འགོ་དཔོན་ཚུ་ལུ་ སྦྱོང་བརྡར་ཚུ་དགོཔ་འདུག་ཟེར་ཨིན་པས།
འབྲུག་གིས་ ན་ཧིང་སྤྱི་ཟླ་༥ པའི་ནང་ ཡུ་ཨེན་ཌི་པི་སྐྱེ་ལྡན་དངུལ་འབྲེལ་རྩོལ་སྒྲུབ་ཀྱི་ ཐབས་ཤེས་ཁག་བཞི་ཡོད་མི་དེ་ འགོ་འབྱེད་འབད་ཡོདཔ་ད་ དེ་གི་གྲངས་སུ་ ཆ་ཤས་སྦེ་ འཆར་དངུལ་གྱི་ གཞི་རྟེན་གྲུབ་འབྲས་ཡར་དྲག་གཏང་ནི་དང་ སྐྱེ་ལྡན་གནས་སྟངས་གཅིག་སྒྲིལ་དངུལ་འབྲེལ་ ས་གནས་གཞུང་གི་འཆར་གཞི་ནང་ དངུལ་འབྲེལ་དཀའ་ངལ་སེལ་ཐབས་ སྐྱེ་ལྡན་ལྟ་བཤལ་འཐུས་བསྡུ་ལེན་གྱི་འོང་འབབ་ གླིང་ག་ཉམས་སྲུང་ས་ཁོངས་ མི་དང་རི་དྭགས་སེམས་ཅན་གྱི་ བྲེལ་ཟིང་ཉེན་བཅོལ་ལས་འཆར་ཚུ་ གསར་བཀོད་འབད་ནི་ལ་སོགས་པ་ཚུ་ ཚུད་དེ་ཡོདཔ་ཨིན་པས།
འདི་ཚུ་ ཡུ་ཨེན་ཌི་པི་སྐྱེ་ལྡན་དངུལ་འབྲེལ་རྩོལ་སྒྲུབ་ལས་འགུལ་ཀྱི་ གོ་རིམ་གཉིས་པ་ཨིནམ་ད་ གོ་རིམ་དང་པ་དེ་ སྤྱི་ལོ་༢༠༡༢ དང་༢༠༢༠ གི་བར་ན་ རྒྱལ་ཁབ་ཀྱི་སྐྱེ་ལྡན་གནས་སྟངས་ དངུལ་འབྲེལ་གདོང་ལེན་ལག་ལེན་ཚུ་ ཡོདཔ་ཨིན་པས།
འཛམ་གླིང་དངུལ་ཁང་གི་ འབྲུག་གི་སྙན་ཞུ་ནང་ རྒྱལ་ཁབ་ཀྱི་ སྤྱིར་སྙོམས་སྒྲིག་བཀོད་དབྱེ་ཞིབ་དང་ མཐའ་འཁོར་འཛིན་སྐྱོང་ མི་སྡེའི་ཉེན་ཁ་ གོང་འཕེལ་ལས་འགུལ་གྱི་གནོད་ཉེན་ཚུ་ ངོས་འཛིན་འབད་དེ་ འབྲུག་གི་མཐའ་འཁོར་གནས་སྟངས་ ཉམས་སྲུང་སྒྲིག་བཀོད་ནང་ དྭངས་གསལ་ཚུ་ དེ་ཅིག་ར་མེདཔ་སྦེ་ ཐོན་ཡོད་མི་གིས་ སྡོད་གནས་ཚུ་ལུ་ གནོད་པ་ཡོདཔ་སྦེ་ གསལ་སྟོན་བྱུང་ཡོདཔ་ཨིན་པས།
སྙན་ཞུའི་ནང་ སྐྱེ་ལྡན་གནས་སྟངས་ཀྱི་ ཁྲིམས་དོན་དང་ གོང་འཕེལ་ དེ་ལས་ སྐྱེ་ལྡན་གནས་སྟངས་འཛིན་སྐྱོང་འཆར་གཞི་ནང་ ཆད་ལུས་ཞུགས་ཡོད་པའི་ གསལ་སྟོན་ཚུ་བྱུང་ཡོདཔ་ཨིན་པས།
འཛམ་གླིང་སྤྱིར་བཏང་ལུ་ སྐྱེ་ལྡན་གནས་སྟངས་ནང་ ལོ་བསྟར་ཡུ་ཨེས་ཌི་ས་ཡ་༡༥༠ བཙུགས་དོ་ཡོདཔ་ད་ དེ་གིས་ ཉམས་སྲུང་གི་དགོས་མཁོ་དང་བསྟུནམ་ད་ ཡུ་ཨེས་ཌི་ས་ཡ་༨༢༤ དེ་ཅིག་ ལང་མ་ཚུགསཔ་སྦེ་ཨིནམ་བཞིན་དུ་ ཡུ་ཨེན་ཌི་པི་སྐྱེ་ལྡན་དངུལ་འབྲེལ་རྩོལ་སྒྲུབ་ཀྱི་ གསར་བཏོད་ཐབས་བྱུས་ཀྱིས་ འདི་བཟུམ་གྱི་ དངུལ་འབྲེལ་ཆད་ལུས་ཞུགས་མི་ཚུ་ བསུབས་ཚུགས་པའི་དམིགས་ཡུལ་སྐྱེད་དེ་ འབད་ཡོདཔ་ཨིན་པས།
འབྲུག་ལུ་འབད་བ་ཅིན་ ཡུ་ཨེན་ཌི་པི་སྐྱེ་ལྡན་དངུལ་འབྲེལ་རྩོལ་སྒྲུབ་ནང་ ཡུ་ཨེས་ཌི་ས་ཡ་༧༥ ལང་མ་ཚུགསཔ་སྦེ་ ཡོད་མི་དེ་ཡང་ རྒྱལ་ཡོངས་སྐྱེ་ལྡན་ཐབས་བྱུས་ཐེངས་༤ པའི་ ལག་ལེན་འཆར་གཞི་༢༠༡༤ ཅན་མ་དང་ འཆར་གཞི་༡༢ པའི་སྐྱེ་ལྡན་གནས་སྟངས་ཀྱི་ དམིགས་ཡུལ་འགྲུབ་ཐབས་ཚུ་ ཡོདཔ་ཨིན་པས།
ཡུ་ཨེན་ཌི་པི་སྐྱེ་ལྡན་དངུལ་འབྲེལ་རྩོལ་སྒྲུབ་ཀྱི་ འཕྲུལ་རིག་གྲོས་དཔོན་གོངམ་ ཨེན་ཌིའུ་སིཌ་གིས་ བཤད་མིའི་ནང་ སྐྱེ་ལྡན་གནས་སྟངས་གྲུབ་འབྲས་འཐོན་ཐབས་ལུ་ རེ་བ་བསྐྱེད་དེ་ ཟད་འགྲོ་བཏང་ནི་དེ་ བཞག་ཞིནམ་ལས་ ང་བཅས་ཀྱིས་ དམིགས་གཏད་ཚུ་ཧིང་སངས་ས་བཟོ་སྟེ་ ཕན་ཐབས་སྦོམ་བྱུང་དོན་ལུ་ ནང་འཁོད་ཀྱི་ཐབས་སྒྲིག་ཚུ་འབད་ཐོག་ལས་ མ་འོངས་པའི་ནང་ ད་རེས་ཀྱི་ ལག་ལེན་ལུ་བརྟེན་ ཟད་འགྲོ་བཏང་དགོཔ་མ་ཐོནམ་སྦེ་ བཟོ་ནི་ཨིན་ཟེར་ཨིན་པས།
རྒྱལ་སྤྱི་སྐྱེ་ལྡན་དངུལ་འབྲེལ་རྩོལ་སྒྲུབ་ཀྱི་ མཐའ་འཁོར་དངུལ་རྩིས་ མཁས་མཆོག་གི་ འགོ་ཁྲིད་ཐོག་ གྲོས་འཛོམས་ནང་ ཕན་ནུས་ཅན་གྱི་ དངུལ་འབྲེལ་ཐབས་བྱུས་ལག་ལེན་དངོས་ལྟར་གྱི་ གསུང་གྲོས་གནང་ཡོདཔ་ད་ དེ་ཡང་ སྐྱེ་ལྡན་ཞབས་ཏོག་དང་ སྐྱེ་ལྡན་ལྟ་བཤལ་ལུ་ མ་དངུལ་བྱིན་ནི་ཚུ་ རང་སོའི་གྲུབ་འབྲས་ལུ་ གཞི་བརྟེན་ཐོག་ལས་ འབད་ནི་སྦེ་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ཡང་ སྐྱེ་ལྡན་དངུལ་འབྲེལ་རྩོལ་སྒྲུབ་ཀྱི་ ཐབས་བྱུས་ཐོག་ལུ་ གྲོས་བསྡུར་འབད་ཡོདཔ་ད་ འདི་དང་འབྲེལལ་ སྲིད་འཆར་དང་ གཙུག་སྡེའི་བསྐྱར་ཞིབ་ དགོས་མཁོ་ཅན་གྱི་དངུལ་འབྲེལ་དབྱེ་ཞིབ་ དེ་ལས་ ཟད་འགྲོ་སོང་ཡོད་མི་ཚུ་ རྒྱུན་བརྟེན་གྱི་དོན་ལུ་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་ ལྟ་བཤལ་ལས་ཁུངས་ ནགས་ཚལ་ལས་ཁུངས་ དེ་ལས་ གླིང་ག་ཞབས་ཏོག་གི་ འགོ་དཔོན་ཚུ་གིས་ཡང་ མཐར་འཁྱོལ་གྲུབ་འབྲས་དང་ མ་འོངས་འཆར་གཞི་ཚུ་གི་སྐོར་ལས་ དོགས་གསལ་འབད་ཡོད་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement