༉ བཀྲིས་གཡང་རྩེ་ལུ་ཡོད་པའི་ ཀི་ལོ་ཝཱཊ་༦༠༠ འབད་མི་ འཁོར་ལོ་ཆུ་གློག་མེ་ལས་འགུལ་ (ཧེ་མ་འབད་བ་ཅིན་ མཁོ་ལོང་ཆུ་གློག་མེ་ལས་དབང་འཛིན་)དེ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ ཊ་ཊ་གློག་མེ་ལས་སྡེ་༢ ཀྱིས་ ཐབས་བྱུས་མཉམ་འབྲེལ་ཐོག་ལས་ བཟོ་སྐྲུན་འབད་ནི་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ བགོ་བཤའི་མ་རྩ་བརྒྱ་ཆ་༦༠ དང་ ཊ་ཊ་གློག་མེ་གིས་ མ་རྩ་གཞི་བཙུགས་བརྒྱ་ཆ་༤༠ འབད་ནི་ཨིན་པས།
དངུལ་འབྲེལ་རིན་འཐུས་བརྩིས་ཏེ་ ལས་འགུལ་གྱི་ཟད་འགྲོ་དེ་ དངུལ་ཀྲམ་ཐེར་འབུམ་༩༠ དེ་ཅིག་ གནས་ནིའི་ཚོད་རྩིས་བཏོན་ཡོདཔ་བཞིན་དུ་ ལོ་༥ འི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་ཨིན་པས།
ཊ་ཊ་གློག་མེ་ལས་སྡེ་དེ་ རྒྱ་གར་གྱི་ གཅིག་སྒྲིལ་གློག་མེ་ལས་སྡེ་ སྦོམ་ཤོས་ཅིག་ཨིན་པས།
འབྲུག་དང་ རྒྱ་གར་གཞུང་གི་ རྒྱབ་སྐྱོར་ཐོག་ལས་ བཟོ་སྐྲུན་ལཱ་ཚུ་ དེ་འཕྲོ་ལས་ འགོ་བཙུགས་ནིའི་དོན་ལུ་ ཁྲིམས་དང་འབྲེལ་བའི་ལཱ་ཚུ་ག་ར་ ཆ་འཇོག་འབད་ཡོདཔ་ཨིན་པས།
དེ་བཟུམ་མའི་ མཉམ་འབྲེལ་དེ་ཡང་ ཀི་ལོ་ཝཱཊ་༡༢༦ འབད་མི་ དར་དཀར་ཆུ་གློག་མེ་ལས་འགུལ་ནང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ ཊ་ཊ་གློག་མེ་ལས་སྡེ་༢ ཀྱི་བར་ན་ འབད་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༧ པའི་ཚེས་༢༩ ལུ་ རྒྱ་གར་ནིའུ་ལྡི་ལི་ལུ་སྦེ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་དང་ ཊ་ཊ་གློག་མེ་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་ ཌོག་ཊར་ པ་ར་བར་ སི་ཧ་ ༢ ཀྱིས་ ལས་འགུལ་གྱི་ གན་ཡིག་མཐའ་དཔྱད་བཟོ་ཡོདཔ་ཨིན་པས།
ཌོག་ཊར་ པ་ར་བར་ སི་ཧ་གིས་ སླབ་མིའི་ནང་ ཌོག་ཊར་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ ཊ་ཊ་གློག་མེ་ལས་སྡེ་༢ ཀྱི་བར་ན་ མཉམ་འབྲེལ་འབད་ཚུགས་མི་དེ་ དྲན་རྟགས་ཅན་གྱི་ མཐུན་སྒྲིག་ཅིག་ཨིན་ཟེར་ཨིན་པས།
འཁོར་ལོ་ཆུ་གློག་མེ་ལས་འགུལ་གྱིས་ ལུང་ཕྱོགས་ནང་ ནུས་ཤུགས་ཀྱི་ ཉེན་སྲུང་བྱིན་ཚུགས་ནི་ཨིན་པའི་ཁར་ ཊ་ཊ་གློག་མེ་གིས་ མ་འོངས་སྔོ་ལྗང་བཟོ་ནི་ལུ་ ཁས་ལེན་འབད་དེ་ཡོདཔ་ལས་ ལས་འགུལ་གྱི་ ཡུན་བརྟན་ནུས་ཤུགས་ཡར་དྲག་གཏང་ནིའི་དོན་ལུ་ གལ་ཅན་གྱི་ མདུན་སྐྱོད་ཅིག་ཨིན་ཟེར་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ འཁོར་ལོ་ཆུ་གློག་མེ་ལས་འགུལ་རྐྱབ་ནི་ལུ་ ཊ་ཊ་གློག་མེ་དང་གཅིག་ཁར་ ཐབས་བྱུས་མཉམ་འབྲེལ་འབད་ཚུགས་མི་དེ་ འབྲུག་པའི་ནུས་ཤུགས་ཉེན་སྲུང་དང་ སྤྱི་ལོ་༢༠༣༤ ནང་འཁོད་ལུ་ འོང་འབབ་ཆེ་བའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དཔལ་འབྱོར་ཅན་གྱི་ རྒྱལ་ཁབ་ཅིག་སྦེ་ བཟོ་ནིའི་མདུན་སྐྱོད་ཨིན་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་པའི་ནུས་ཤུགས་སྦོམ་རྐྱབ་ནི་དང་ ཉི་དྲོད་འོས་འབབ་ཀྱི་དོན་ལུ་ མ་རྩ་གཞི་བཙུགས་འབད་ནི་གི་ གོ་སྐབས་སྒོ་ཕྱེས་ཡི་ཟེར་ཨིན་པས།
དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ ཊ་ཊ་ལས་སྡེ་དང་གཅིག་ཁར་ ད་རེས་ཀྱི་ ལས་འགུལ་རྐྱངམ་གཅིག་ མཉམ་འབྲེལ་འབད་ནི་མེན་པར་ དང་འདོད་ཅན་གྱི་ མཉམ་འབྲེལ་བར་གཞན་ཚུ་དང་ཡང་ འབད་ནིའི་ འཆར་ཡོད་ཟེར་ཨིན་པས།
འཁོར་ལོ་ཆུ་གློག་མེ་ལས་འགུལ་གྱིས་ ཊ་ཊ་གློག་མེ་ཚོང་འབྲེལ་ཚད་འཛིན་དང་གཅིག་ཁར་ ཡུན་རིང་གི་གློག་མེ་མཁོ་སྒྲུབ་གན་ཡིག་ནང་ འཛུལ་ཞུགས་འབད་ཡོདཔ་བཞིན་དུ་ དེ་ཡང་ ཊ་ཊ་གློག་མེ་ལས་སྡེའི་ ཡན་ལག་ཅིག་ཨིནམ་ལས་ གནམ་བྱཱར་གྱི་སྐབས་ གློག་ཤུགས་ལྷག་ལུས་ཚུ་ རྒྱ་གར་ལུ་ ཚོང་འབྲེལ་འཐབ་ནི་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ གནམ་དགུན་ ནང་འདྲེན་འབད་དོ་ཡོདཔ་ཨིན་པས།
ཊ་ཊ་གློག་མེ་ལས་སྡེ་དེ་ འབྲུག་ལས་ རྒྱ་གར་ལུ་ གློག་ཤུགས་ནང་འདྲེན་དོན་ལས་ གློག་ཐག་ཀི་ལོ་མི་ཊར་༡༢༠༠ སྤྲིང་ནི་གི་ གློག་ཤུགས་གི་རིཊ་ལས་འཛིན་གྱི་ མཐར་འཁྱོལ་ཅན་གྱི་ མཉམ་འབྲེལ་ལས་སྡེ་ཅིག་ཡང་ཨིན་པས།
འཁོར་ལོ་ཆུ་གློག་མེ་ལས་འགུལ་ མཇུག་བསྡུ་བའི་ཤུལ་ལས་ གནམ་དགུན་ལུ་ གློག་ཤུགས་མཁོ་འདོད་བཀོད་མི་ འགྲུབ་ཚུགས་ནི་དང་ རྒྱ་གར་གྱིས་ གནམ་དགུན་ལུ་ གློག་མེའི་མཁོ་འདོད་བཀོད་མི་ ཡར་འཕར་གཏང་ཚུགས་ནི་ཨིན་པས།
ཐབས་བྱུས་ཅན་གྱི་ མཉམ་འབྲེལ་དེ་ རྒྱ་གར་དང་ འབྲུག་གི་བར་ན་ གཙང་སྦྲ་དང་ལྡན་པའི་ ནུས་ཤུགས་མཉམ་འབྲེལ་ སྒྲིང་སྒྲི་བཟོ་ནི་ལུ་ཡང་ ལྷན་ཐབས་བྱུང་ཚུགས་ནི་ཨིན་པས།
ལས་འགུལ་དེ་ འབྲུག་གིས་ སྤྱི་ལོ་༢༠༤༠ ནང་འཁོད་ལུ་ གློག་མེའི་ནུས་ཤུགས་ གི་ག་ཝཱཊ་༢༠ བཟོ་ནི་གི་ དམིགས་ཡུལ་དང་ རིམ་བསྒྲིགས་འབད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།