༉ འཛམ་གླིང་གོང་འཕེལ་དངུལ་ཁང་གིས་ དུས་ཅི་གི་ལོ་ནང་ འབྲུག་ལུ་ དཔལ་འབྱོར་འཕར་ཚད་བརྒྱ་ཆ་༥.༥ འི་ དམིགས་གཏད་བསྐྱེད་ཡོད་རུང་ དངུལ་རྩིས་ལྷན་ཁག་གིས་ ཕོ་ཚོད་བརྒྱ་ཆ་༦.༡ བསྐྱེདཔ་ཨིན་པས།
དེ་ཡང་ འཛམ་གླིང་གོང་འཕེལ་དངུལ་ཁང་གིས་ སྤྱི་ཟླ་༩ པའི་སྙན་ཞུའི་ནང་ དམིགས་གཏད་བསྐྱེད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༤ ལུ་ འཕར་ཚད་དེ་ བརྒྱ་ཆ་༧ ལུ་ སྔོན་བརྟག་འབད་མི་ གཙོ་བོ་ར་ གཞུང་གི་ཟད་འགྲོ་ཡར་སེང་དང་ གློག་མེའི་ཐོན་ཁུངས་མང་སུ་ དེ་ལས་ ལྟ་བཤལ་འོང་མིའི་གྱངས་ཁ་ ཡར་སེང་འགྱོ་ནི་ཨིན་མི་ལུ་བརྟེན་ཨིན་པས།
རྩིས་ལོ་༢༠༢༤-༢༥ ལུ་ གཞུང་གི་འཆར་དངུལ་ བརྒྱ་ཆ་༧ ཡར་སེང་འབད་མི་གིས་ བཟོ་གྲྭ་འཕར་ཚད་ལྷན་ཐབས་དང་ དུས་ཅི་དང་ སང་ཕོད་ཀྱི་ ནང་འཁོད་ཐོན་སྐྱེད་མཁོ་མངགས་ ཡར་དྲག་འགྱོ་འོང་ཟེར་ སྙན་ཞུའི་ནང་ བཀོད་དེ་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པ་གིས་ གློག་ཤུགས་ཐོན་སྐྱེད་དང་ སྤྱི་ཟླ་༧ པ་ལས་ སྐྱིན་འགྲུལ་བྱིན་ནི་ འགོ་བཙུགས་མི་ལུ་བརྟེན་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཡར་དྲག་འགྱོ་ནི་གི་ རེ་བ་ཡོདཔ་ཨིན་པས།
དེ་མ་ཚད་ ལྟ་བཤལ་པའི་ གྱངས་ཁ་ཡར་སེང་འབད་ནི་ལུ་ དཔལ་འབྱོར་ལྷན་ཐབས་འཆར་དངུལ་ ཡུ་ཨེསི་ཌོ་ལར་ས་ཡ་༣༡༨ བཙུགས་མི་གིས་ཡང་ དཔལ་འབྱོར་དེ་ ལྷག་པར་དུ་ ཡར་དྲག་འགྱོ་ནི་བཟུམ་ཅིག་ཡོདཔ་ཨིན་པས།
འཛམ་གླིང་གོང་འཕེལ་དངུལ་ཁང་གིས་ སྤྱི་ཟླ་༤ པ་ལས་ སྐྱ་ནམ་གྱི་གོང་ཚད་ དུམ་གྲ་ཅིག་ ཡར་སེང་འགྱོ་ནི་ སྔོན་བརྟག་འབད་དེ་ཡོདཔ་ད་ སྤྱི་ལོ་༢༠༢༤ ལུ་ ཟླ་དང་པ་ལས་༤ ཚུན་ སྤྱིར་སྙོམས་ལུ་ སྐྱ་ནམ་གྱི་ གོང་ཚད་འཕར་ཚད་ བརྒྱ་ཆ་༤.༧ ཡོད་མི་དེ་ དམིགས་གཏད་བསྐྱེད་མི་ལས་ དུམ་གྲ་ཅིག ཡར་སེང་སོང་ཡོདཔ་ཨིན་པས།
དེ་ཡང་ གཙོ་བོ་ར་ བཟའ་འཐུང་གི་གོང་ཚད་ སྤྱིར་སྙོམས་ལུ་ འཕར་ཚད་བརྒྱ་ཆ་༦.༡ ལུ་ ཡར་སེང་སོང་མི་ལུ་བརྟེན་ཨིན་པས།
ཨིན་རུང་ ཤུལ་མའི་ཟླཝ་ཚུ་ལས་ འབྲུག་ལུ་ ལོ་ཐོག་བསྡུ་གསོག་འབད་ནི་ འགོ་བཙུགས་ནི་ཨིན་མི་དེ་གིས་ བཟའ་འཐུང་གི་ གོང་ཚད་མར་འབབ་འགྱོ་ནི་ བཟུམ་ཅིག་ཡོད་པའི་ཁར་ རྒྱ་གར་ལུ་ཡང་ མར་ཕབ་འགྱོ་ནི་ཨིན་པས།
བཟའ་འཐུང་མིན་པའི་ སྐྱ་ནམ་གོང་ཚད་དེ་ དུས་ཅི་ སྤྱི་ཟླ་༡ པ་ལས་༤ པ་ཚུན་ སྤྱིར་སྙོམས་ནང་ བརྒྱ་ཆ་༣.༥ ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཁྱིམ་དང་ སྐྱེལ་སྤྲོད་ གསོ་བའི་ཞབས་ཏོག་ གོང་ཚད་ཡར་འཕར་འགྱོ་མི་ལུ་བརྟེན་ཨིན་པས།
འཛམ་གླིང་གོང་འཕེལ་དངུལ་ཁང་གིས་ དཔལ་འབྱོར་གྱི་འཕར་ཚད་དང་ སྐྱ་ནམ་ཀྱི་ཉེན་ཁ་ཚུ་ དྲན་སྐུལ་འབད་མི་དེ་ རྒྱལ་ཁབ་ཀྱི་ རྩིས་ཆད་ཀྱི་ ཁྱད་པར་ཡར་སེང་དང་ ཕྱི་དངུལ་གསོག་འཇོག་ མར་བབས་སོང་མི་དེ་གིས་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ འབྲུག་གི་རྒྱལ་སྤྱིའི་གསོག་འཇོག་ཡོངས་བསྡོམས་དེ་ སྤྱི་ལོ་༢༠༡༩ ཟླ་༡༢ པའི་ནང་ ནང་འདྲེན་འབད་མི་ ཟླཝ་༡༤.༧ ལས་ སྤྱི་ལོ་༢༠༢༤ ཟླ་༥ པ་ཚུན་ ཟླཝ་༤.༥ དེ་ཅིག་ལུ་ མར་བབས་སོང་ཡོདཔ་ཨིན་པས།
ནང་འདྲེན་ལུ་ བརྟེན་སྡོད་མི་ རྒྱལ་ཁབ་ཅིག་འབད་ནི་གིས་ ཕྱི་དངུལ་གསོག་འཇོག་འདི་ ཧེང་སྐལ་ར་ མར་ཕབ་འགྱོ་ནི་ཨིནམ་ལས་ གོང་འཕེལ་ལུ་ ཐོ་ཕོག་ཉེན་བཀག་ཆ་གི་ ཐབས་ལམ་ཚུ་ བཏོན་ཚུགས་ནི་ཨིན་མས།
དུས་ཅི་ སྤྱི་ཟླ་༣ པའི་ནང་འཁོད་ལུ་ ཕྱི་དངུལ་གསོག་འཇོག་ ཡུ་ཨེསི་ཌོ་ལར་ས་ཡ་༦༩༩.༦ (ཡུ་ཨེསི་ཌོ་ལར་ས་ཡ་༤༧༥.༧༥ དང་ རུ་པི་ཐེར་འབུམ་༡༨.༦༦) ཡོད་མི་དེ་ སྤྱི་ཟླ་༦ གི་ནང་འཁོད་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༥༩༦.༨༥ (ཡུ་ཨེསི་ཌོ་ལར་༤༢༣.༣༩ དང་ རུ་པི་ཐེར་འབུམ་༡༤.༤༥) ལུ་ མར་བབས་སོང་ཡོདཔ་ཨིན་པས།
འཛམ་གླིང་གོང་འཕེལ་དངུལ་ཁང་གིས་ སྤུ་ན་གཙང་ཆུ་གློག་ལས་འགུལ་༢ པ་ལས་ གློག་ཤུགས་ཐོན་སྐྱེད་འབད་ནི་ ཕྱིས་མི་ལུ་བརྟེན་ གློག་མེའི་ཐོན་འབྲས་ལུ་ ཐོ་ཕོག་ནི་གི་ ཉེན་བརྡ་འབད་དེ་ཡོདཔ་ད་ ལས་འགུལ་དེ་ཡང་ ས་རིག་དང་འབྲེལ་བའི་ སྟབས་མ་བདེཝ་བྱུང་མི་ལུ་བརྟེན་ ལཱ་ཚུ་འབད་ནི་ལས་ འཚམས་འཇོག་འབད་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།