༉ རྒྱལ་སྤྱིའི་ནང་ལས་ འགོ་བཙུགས་པའི་སྐབས་ལུ་ ཚོང་འབྲེལ་ལས་སྡེ་༣ འབད་མི་ མོགསི་བ་དུ་ཀུལ་དང་ སཱན་ཏོཤ་ཤཱ་ དེ་ལས་ ཤིན་ཏ་ཀ་གི་ ཁོང་རའི་ལམ་ཕྱོགས་དེ་ མཐར་འཁྱོལ་འབྱུང་ཐབས་ལུ་ དོ་འགྲན་ལེ་ཤ་བྱུང་སྟེ་ འོང་ཡི་ཟེར་ཨིན་པས།
ཁོང་གི་འཆར་སྣང་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ན་ འབྲུག་གི་གསར་བཏོད་གྲོས་འཛོམས་ ཉིནམ་གཉིས་པ་དེ་ སྤ་རོ་དུང་དཀར་རྫོང་ནང་སྦེ་ འགོ་འདྲེན་འཐབ་པའི་སྐབས་སུ་ བརྗེ་སོར་འབད་ཡོདཔ་ཨིན་པས།
ཀེན་ཡ་ལས་ཨིན་མི་ པར་བཏབ་མི་ མོགསི་བ་དུ་ཀུལ་དེ་ ཁོ་རའི་ མི་ཚེ་ལེགས་སྒྱུར་གྱི་དོན་ལུ་ ཡུ་ནའེ་ཊེཌ་ཀིང་ཌོམ་ནང་ ཁོ་རའི་བཟའ་ཚང་དང་གཅིག་ཁར་ གཞིས་ཆགས་ཡོདཔ་ད་ ཁོང་ཆ་ཁྱབ་ ཁང་མིག་གཅིག་འབད་མིའི་ནང་ ཨེབ་ཏ་རྐྱབ་སྟེ་ སྡོད་ཡོདཔ་བཞིན་དུ་ ཁོ་ར་ སྐྱེས་ལོ་༡༦ ལངམ་ད་ སློབ་སྦྱོང་འབད་ནི་ བཤོལ་བཞག་པའི་ཤུལ་ལུ་ མི་ཚེ་སྐྱོང་ནི་ལུ་ དོ་འགྲན་སྦོམ་བྱུང་མི་གིས་ ཁོ་ར་ པར་བཏབ་ནིའི་ནང་ ལཱ་རྩ་འགེངས་ཡོདཔ་ཨིན་པས།
ང་གིས་ ཟླཝ་༡ ནང་ པའུནཌ་༣༠ ཐོབ་ཟེར་ མོགསི་བ་དུ་ཀུལ་གྱིས་ དྲན་ཚོར་འབད་དོ་ཡོདཔ་ད་ ཁོ་རའི་མི་ཚེ་སྐྱོང་ཐབས་ལུ་ ལོ་གཉིས་ཀྱི་རིང་ ཁ་ཟས་པི་ཛ་བཀྲམ་སྤེལ་འབད་མི་སྦེ་ སྡོད་ཅི་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ ཁོ་གིས་ ནིའུ་ཡོག་ལུ་སོང་སྟེ་ པར་བཏབ་ནིའི་ནང་ དམིགས་གཏད་བསྐྱེད་དེ་ དམིགས་བསལ་གྱི་ ཚོན་ཁྲ་དཀར་ནག་གཉིས་ལུ་ གཙོ་བོར་བཏོན་ཡོདཔ་ད་ ཁོ་ར་ ཡུ་ཀེ་ལུ་པར་བཏབ་མིའི་ དུས་སྟོན་བརྩ་སྲུང་འབད་ཞིནམ་ལས་ ཁོ་གིས་ ཧེ་མར་ དངུལ་འབྲེལ་གྱི་ དཀའ་ངལ་ཐོན་མི་གི་ གནད་དོན་ཐོག་ ལས་སྡེ་ཅིག་ནང་ མཉམ་འབྲེལ་འབད་ཡི་ཟེར་ཨིན་པས།
སཱན་ཏོཤ་ཤཱ་དེ་ ནེ་པཱལ་ལུ་ ཐབ་དཔོན་གོངམ་དང་ མི་སྡེ་ཚོང་འབྲེལ་བ་ཨིནམ་ད་ ཁོ་གི་ལོ་རྒྱུས་དེ་ཡང་ གཞན་མི་དང་ཅོག་འཐདཔ་སྦེ་ཡོདཔ་ད་ ཁོ་ར་ བཟའ་ཚང་ཉམ་ཆུང་ཅིག་ནང་ བཟའ་ནིའི་ལྟོ་ཡང་མེད་པར་ དཀའཝ་སྤྱད་ཡོདཔ་ད་ ཁོ་ར་སྐྱེས་ལོ་༡༤ ལངམ་ད་ ཁོ་གིས་ ནེ་པཱལ་གྱི་གཡུས་བཀོག་བཞག་སྟེ་ ལཱ་གཡོག་འཚོལ་བར་ རྒྱ་གར་ལུ་སོང་ཡོདཔ་ཨིན་པས།
ང་གིས་ བཟའ་ཁང་ཅིག་གནང་ ཧོད་འཁྱུ་མི་སྦེ་སྡོད་དེ་ མགྱོགས་པ་ར་ བཞེས་སྒོ་འབད་ནི་ནང་ལྷབ་སྦྱང་འབད་བའི་ཁར་ ཤཱ་གིས་ ཟླ་རིམ་བཞིན་དུ་ དངུལ་ཕོགས་རུ་པི་༩༠༠ རེ་ཐོབ་དོ་ཡོད་མི་གིས་ ཁོ་རའི་བཟའ་ཚང་སྐྱོང་ཚུགས་དོ་ཡོདཔ་ད་ ཁོ་གིས་ ལོ་གཅིག་གི་ནང་འཁོད་ལུ་ ཐབ་དཔོན་གྱི་ གྲུབ་འབྲས་མཐར་འཁྱོལ་བྱུང་སྟེ་ ད་རེས་ནངས་པར་ འབད་བའི་བསྒང་ལས་ ཁོ་གིས་ ནེ་པཱལ་ལུ་ བཟའ་ཁང་བཞི་བཙུགས་ཡོདཔ་ད་ ཁོ་གི་བཟའ་ཁང་ནང་ གཉེན་ཡ་འབྲལ་སོང་མི་ ཨ་ལོའི་ཨའི་ཚུ་ལུ་ ལཱ་གཡོག་བྱིན་པའི་ཁར་ ཁོང་གི་ཨ་ལོ་ཚུ་ལུ་ སློབ་གཉེར་གྲོགས་རམ་ཚུ་ བྱིན་དོ་ཡོདཔ་ཨིན་པས།
ཁོ་གིས་ ད་རུང་ རྡོ་ཧ་ལུ་ཡང་ བཟའ་ཁང་གསརཔ་ཅིག་ སྒོ་ཕྱེ་ནི་གི་མནོ་བསམ་ཡོདཔ་ད་ ཤཱ་གིས་ ད་རེས་ ལས་བྱེདཔ་༢༠༠ དེ་ཅིག་ལུ་ ལཱ་གཡོག་ཚུ་བྱིན་ཚུགས་ཏེ་ཡོདཔ་ཨིན་པས།
ཇ་པཱན་ལས་ཨིན་མི་ ཤིན་ཏ་ཀི་དེ་ ཛི་ནི་ཡ་ཟ་ཁང་གི་ ཇོ་བདག་ཨིནམ་ད་ ཁོ་གིས་ ཁོང་རའི་ཟ་ཚང་དེ་ རྒྱལ་སྤྱིའི་ཚོང་འབྲེལ་ལུ་ སྒྱུར་བཅོས་འབད་ཡོདཔ་ད་ ཏ་ཀ་ཀི་གིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ ཐབ་དཔོན་འབད་ཡོདཔ་ཨིན་རུང་ ཇ་པཱན་གྱི་ ན་གཞོན་མང་ཤོས་ཅིག་གིས་ ཐབ་ཚང་ནང་ ལཱ་འབད་ནི་ལུ་ སྤྲོ་བ་མི་ལེན་མས་ཟེར་ཨིན་པས།
འདི་བཟུམ་གྱི་དོ་འགྲན་ཚུ་ལུ་ གདོང་ལེན་འབད་དོན་ལུ་ ཏ་ཀ་ཀི་གིས་ ཁོ་རའི་ལས་སྡེ་ རྒྱ་སྐྱེད་འབད་དེ་ རྒྱལ་སྤྱིའི་ཐོག་ལུ་ ཇ་པཱན་གྱི་བཞེས་སྒོ་བཟོ་ཐངས་ཀྱི་ བསླབ་སྟོན་དོན་ལུ་ ལོ་རེ་ནང་ ཕྱི་རྒྱལ་ཁབ་ཚུ་ནང་ ཚར་༢༥ དང་༢༧ གྱི་བར་ན་ འགྱོ་དོ་ཡོདཔ་ཨིན་པས།
ང་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ ནང་འཁོད་ཀྱི་ཐོན་སྐྱེད་ ཟས་སྣའི་རིགས་ཚུ་ ལག་ལེན་འཐབ་ཨིན་ཟེར་ཨིནམ་ད་ གཞན་ཡང་ སྦྱོང་བརྡར་འབད་མི་ཚུ་ལུ་ ཇ་པཱན་གྱི་བཞེས་སྒོ་འབད་ཐངས་ཚུ་ སྦྱོང་བརྡར་བྱིན་དོ་ཡོདཔ་མ་ཚད་ ད་ལྟོ་ ཏ་ཀ་ཀི་ཁོ་ར་ སིངྒ་པུར་ལུ་ ཟ་ཁང་ཅིག་ སྒོ་ཕྱེ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།