༉ འཛམ་གླི་སྤྱི་ཚོགས་ བཟའ་སྤྱོད་དང་ སོ་ནམ་ལས་ཚོགས་ཀྱིས་ འཛམ་གླིང་བཟའ་སྤྱོད་གྲོས་འཛོམས་ འགོ་འདྲེན་འཐབ་མི་དེ་ སྤྱི་ཟླ་༦ པའི་ནང་ རྒྱལ་ཁབ་ནང་ འགོ་འབྱེད་འབད་ནི་ཨིནམ་ད་ དེ་ཡང་ ན་གཞོན་མང་སུ་སྦེ་ སྲིད་དོན་པའི་ནང་ བཅའ་མར་གཏོགས་བཅུག་ནི་དང་ བཟའ་སྤྱོད་ལས་འབྲེལ་ཤེས་ཡོན་དང་ སོ་ནམ་བཟའ་སྤྱོད་སྡེ་ཚན་ནང་ ཡར་དྲག་གཏང་ནི་དོན་ལུ་ འབད་དོ་ཡོདཔ་ཨིན་པས།
འབྲུག་གི་སོ་ནམ་ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ རྒྱལ་ཡོངས་དོན་ཚན་གྱི་ གྲོས་འཛོམས་ནང་ ན་གཞོན་༢༠ བཅའ་མར་གཏོགས་ནིའི་དོན་ལུ་ ཐོ་བཀོད་འབད་དེ་ཡོདཔ་ད་ གྲོས་འཛོམས་དེ་ སྤྱི་ཟླ་༥ པའི་ཚེས་༡༥ དང་༡༩ གི་བར་ན་ འབད་ཡོདཔ་ད་ རྒྱལ་ཡོངས་དོན་ཚན་དེ་ རྒྱལ་ཡོངས་མཉམ་འབྲེལ་པ་༤ གིས་ འགོ་ཁྲིད་ཐོག་ལས་ འབད་ནི་དང་ རྒྱལ་ཁབ་ག་ར་ནང་ ཁྱབ་སྦེ་འབད་ནི་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༢༡ ལུ་ གཞི་བཙུགས་འབད་མི་ འཛམ་གླིང་བཟའ་སྤྱོད་གྲོས་འཛོམས་དེ་ རང་དབང་ཅན་ཨིནམ་ད་ ན་གཞོན་ཚུ་འཛམ་གླིང་གི་ བཟའ་སྤྱོད་དང་ སོ་ནམ་ལས་ཚོགས་ཀྱིས་ མཉམ་འབྲེལ་འགོ་ཁྲིད་ཐོག་ལས་ འབད་ནི་ཨིན་པས།
བརྗོད་དོན་གྱི་ འགོ་ཁྲིདཔ་བསྟན་འཛིན་གྱིས་ བཤད་མིའི་ནང་ རྒྱལ་ཡོངས་ཀྱི་ འཛམ་གླིང་བཟའ་སྤྱོད་གྲོས་འཛོམས་ནང་ ས་གནས་ཀྱི་གནས་རིམ་ཐོག་གི་ ན་གཞོན་ཚུ་ འབྲེལ་གཏོགས་འབད་ནི་དང་ གཞན་ཡང་ རྒྱ་ཁྱབ་ཅན་དང་ མོས་མཐུན་ཡོངས་འབྲེལ་ཐོག་ སོ་ནམ་བཟའ་སྤྱོད་ལམ་ལུགས་ཚུ་ནང་ གྲོགས་རམ་འབད་ནི་ཨིན་པས།
གནམ་གཤིས་གནས་སྟངས་དང་འབྲེལ་བའི་ སོ་ནམ་སྐྱེ་ལྡན་རིམ་ལུགས་ནང་ ཁྱབ་སྤེལ་དང་ འཕྲུལ་རིག་ ཕན་ནུས་ཅན་གྱི་ ཐོན་སྐྱེད་ཐོག་ གྲོགས་རམ་ཚུ་ འབད་ནི་ཨིན་པས།
རྒྱལ་ཡོངས་ན་གཞོན་བརྗོད་དོན་གྱི་ དམིགས་ཡུལ་འགྲུབ་ཐབས་ལུ་ ག་ར་གིས་ ཤེས་རྟོགས་བྱུང་ཚུགས་པའི་ དཔེ་གསར་གྱི་ གནད་དོན་ཐོག་ ལཱ་འབད་དགོཔ་གལ་ཆེ་ཟེར་ མོ་གིས་བཤདཔ་ཨིན་པས།
བརྗོད་དོན་གཞན་གྱི་ འགོ་ཁྲིད་འབད་མི་ བསོད་ནམས་ལྷ་མོ་གིས་ བཤད་མིའི་ནང་ མོ་གིས་ འཛམ་གླིང་བཟའ་སྤྱོད་གྲོས་འཛོམས་ནང་ འབྲེལ་བ་འཐབ་ནི་དང་ གྲོགས་རམ་འབད་ནིའི་ གོ་སྐབས་ཐོབ་མི་ལུ་བརྟེན་ ཨེ་ཤི་ཡ་པེ་སི་ཕིག་གྲོས་འཛོམས་དང་ ལས་འགུལ་གྱི་ རྒྱབ་སྐྱོར་ཐོག་ལས་ ང་བཅས་ཀྱི་ བཟའ་སྤྱོད་ལམ་ལུགས་ཡར་དྲག་དང་ གོ་བ་བརྡ་སྤྲོད་ ངོས་ལེན་ལེགས་ལྡན་བྱུང་ཐབས་ལུ་ བརྗེ་སོར་ཚུ་ འབད་ཡོདཔ་ཨིན་པས།
འབྲུག་གི་འཛམ་གླིང་བཟའ་སྤྱོད་གྲོས་འཛོམས་༢༠༢༣ ཅན་མའི་ ན་གཞོན་འཐུས་མི་ འབད་མི་ལུ་བརྟེན་ ཁྱད་རིག་ཚུ་ སྤེལ་ནི་དང་ ལྷབ་སྦྱང་འབད་ནི་ལུ་ གོ་སྐབས་བྱིན་དོ་ཡོདཔ་ད་ ན་གཞོན་ཚུ་ལུ་ གྲོས་འཛོམས་འབད་མི་གིས་ རྒྱལ་ཡོངས་ཀྱི་ སྲིད་དོན་ཚུ་ ག་ར་གིས་ ཤེས་ཚུགས་ནི་དང་ གོང་འཕེལ་བཏང་ཚུགས་ཟེར་ བསོད་ནམས་ལྷ་མོ་གིས་ བཤདཔ་ཨིན་པས།
ངག་དབང་རྒྱལ་མཚན་གྱིས་ འབད་བ་ཅིན་ འབྲུག་གི་བརྗོད་དོན་འགོ་ཁྲིད་འབད་མི་གིས་ ན་གཞོན་གྱི་ ལྕོགས་གྲུབ་ཁྱད་པར་ཅན་ བཟོ་ཚུགས་ཟེར་ཨིནམ་ད་ ང་གིས་ སོ་ནམ་ཡུན་བརྟན་གོང་འཕེལ་ཐོག་ མཉམ་འབྲེལ་ཡར་དྲག་དང་ ཁྱད་རིག་ལྡན་པའི་ མི་སྡེའི་ན་གཞོན་ཚུ་ ལྕོགས་གྲུབ་ལྡནམ་བཟོ་ནི་དེ་ ཨིན་ཟེར་ཨིན་པས།
སྡེ་ཚན་གྱིས་ འཛམ་གླིང་ནང་ སོ་ནམ་བཟའ་སྤྱོད་ལམ་ལུགས་སྐོར་ལས་ གོ་བ་བརྡ་སྤྲོད་འབད་དགོཔ་ཡོདཔ་ད་ འདི་དང་འབྲེལ་ འབྲུག་མི་ཚུ་ལག་ལེན་འཐབ་བཅུག་སྟེ་ འཛམ་གླིང་གི་གནས་རིམ་ནང་འཛུལ་དགོ་ཟེར་ ངག་དབང་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
འབྲུག་དང་ ནེ་པཱལ་གྱི་ བཟའ་སྤྱོད་དང་ སོ་ནམ་ལས་ཚོགས་ཀྱི་འཐུས་མི་ ཀེན་ཤི་མི་ཛུ་གིས་ བཤད་མིའི་ནང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཆུ་མ་ལང་མི་དང་ སོ་ནམ་ལཱ་འབད་མི་ མ་ལང་མི་ རི་དྭགས་སེམས་ཅན་གྱི་གནོད་ཉེན་ སོ་ནམ་གྱི་ལཱ་འབད་མི་ཚུ་ལུ་ ནད་འབུབ་དར་ཁྱབ་འགྱོ་བའི་ གདོང་ལེན་ཚུ་ འབྱུང་ནི་མས་ཟེར་ཨིན་པས།
འབྲུག་གི་ དབུང་ཕོངས་ཀྱི་གྱངས་ཁ་དེ་ སྤྱི་ལོ་༢༠༠༧ ལུ་ བརྒྱ་ཆ་༢༣ འབད་མི་དེ་ སྤྱི་ལོ་༢༠༡༧ ལུ་ བརྒྱ་ཆ་༨.༢ ལུ་ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་འབད་བ་ཅིན་ ནད་ཡམས་ཀོ་བིཌ་ལུ་བརྟེན་ བརྒྱ་ཆ་༡༢.༤ ལུ་ ལྷོད་ཡོདཔ་ཨིན་པས།
མི་རློབས་སྤྱིར་བཏང་ནང་འབད་བ་ཅིན་ ཟས་བཅུད་ལྡན་པའི་ཁྱབ་ཚད་དེ་ ཡར་དྲག་སོང་ཡོདཔ་ད་ ཨིན་རུང་མི་སྡེའི་ནང་ ཟས་བཅུད་ཀྱི་གནས་སྟངས་དེ་ ཁག་གསུམ་སྦེ་ཡོད་མི་དེ་ཡང་ ཟད་བཅུད་ལངམ་མེད་མི་ ཟས་བཅུད་ཚད་ལས་བརྒལ་མི་ ཟས་བཅུད་ཧ་ལམ་འབད་མི་ཚུ་གི་ཁྱད་པར་ ཐོན་ཏེ་འདུག་ཟེར་ ཀེན་ཤི་མི་ཛུ་གིས་ བཤད་པའི་ཁར་ གནད་དོན་དེ་ཚུ་ག་ར་ གོ་བ་བརྡ་སྤྲོད་དང་ ཤེས་རྟོགས་ལེགས་ལྡན་མེད་མི་ལུ་བརྟེན་ བྱུང་ཡོདཔ་སྦེ་ཨིན་པས།
འཛམ་གླིང་བཟའ་སྤྱོད་གྲོས་འཛོམས་ བརྗོད་དོན་དེ་གིས་ འབྲུག་པའི་ན་གཞོན་ཚུ་ རྒྱལ་ཡོངས་གསུངས་བཤད་དང་ ན་གཞོན་ཚུ་གིས་ རྩ་བརྟན་གྱི་གྲོས་ཐག་བཅད་ནི་ལུ་ འགན་ཁུར་འབག་ནི་ རྒྱལ་ཡོངས་ཀྱི་ དམིགས་ཡུལ་འགྲུབ་ནི་ལུ་ ཐབས་བྱུས་བཏོན་ནི་ཚུ་ འབད་ཚུགས་ཟེར་ ཁོ་གིས་བཤདཔ་ཨིན་པས།
ཀེན་ཤི་མི་ཛུ་གིས་ འབད་བ་ཅིན་ བཟའ་སྤྱོད་དང་ སོ་ནམ་ལས་ཚོགས་ཀྱིས་ ལམ་སྟོན་འབད་དེ་ བཟའ་སྤྱོད་ཀྱི་གནད་དོན་ཚུ་ནང་ ག་ཅི་གི་ཐད་ལས་འབད་རུང་ དམིགས་ཡུལ་ཚུ་འགྲུབ་ཚུགས་པའི་ འབྲེལ་གཏོགས་འབད་དེ་ ཕན་ཐོགས་འབྱུང་ཚུགས་ཟེར་ ཨིན་པའི་གནས་ཚུལ། ཚེ་རིང་དབང་འདུས།