༉ གཞུང་གིས་ འཛམ་གླིང་ཚོང་འབྲེལ་ཚོགས་སྡེའི་ནང་ འཛུལ་ཞུགས་འབད་ནིའི་ འོས་འབབ་བཀག་ཆ་མ་འབད་རུང་ དྲན་ཤེས་བཏོན་དགོཔ་ཡོད་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༧ ལུ་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ བཤད་ཡོདཔ་ཨིན་པས།
འབྲུག་གིས་ ཚོགས་སྡེའི་འཐུས་མི་སྦེ་ འཛུལ་བཞུགས་འབད་ནི་ལུ་ ཚར་ལེ་ཤ་ཅིག་ར་ དཔའ་བཅམ་ཡོདཔ་བཞིན་དུ་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ འབྲུག་དེ་ གོང་འཕེལ་མ་འགྱོ་བའི་ རྒྱལ་ཁབ་ལས་ མཐར་འཁྱོལ་ཏེ་ གོང་འཕེལ་འགྱོ་བའི་ རྒྱལ་ཁབ་ནང་ འཛུལ་བཞུགས་མ་འབད་བའི་ཧེ་མ་ཡང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནི་ལུ་ དཔའ་བཅམ་ཡོདཔ་ཨིན་པས།
དེ་བསྒང་ འཛུལ་ཞུགས་འབད་ཚུགས་པ་ཅིན་ ལོ་༣ གྱི་ ཡུན་སེང་འཐོབ་ཚུགས་ནི་ཨིན་རུང་ འཛམ་གླིང་ཚོང་འབྲེལ་ཚོགས་སྡེའི་ བཅའ་ཡིག་དང་ གནས་ཚད་དང་འཁྲིལ་ཏེ་ ལོ་༢ ཡར་སེང་འབད་ཡོདཔ་ཨིན་པས།
བློན་པོ་རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ གཞུང་གིས་ འཛམ་གླིང་ཚོང་འབྲེལ་ཚོགས་སྡེའི་ འཐུས་མི་སྦེ་ འཛུལ་ཞུགས་འབད་བ་ཅིན་ སྤྱི་ལོ་༢༠༣༤ ནང་འཁོད་ལུ་ འབབ་ཁུངས་ཆེན་བའི་ རྒྱལ་ཁབ་བརྩིས་ཏེ་ འབྲུག་གི་ ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་གྲུབ་ནི་ལུ་ ཁེ་ཕན་སྦོམ་ཡོད་མི་ལུ་ ངོས་ལེན་འབད་དེ་ ཡོད་ཟེར་ཨིན་པས།
འཛམ་གླིང་ཚོང་འབྲེལ་ཚོགས་སྡེ་ལུ་བརྟེན་ འཛམ་གླིང་དཔལ་འབྱོར་གཅིག་སྒྲིལ་ལུ་ གོ་སྐབས་འཐོབ་ནི་དང་ རྒྱལ་ཁབ་འཐུས་མི་༡༦༦ དང་ ཚོང་འབྲེལ་འཐབ་ནི་ལུ་ ཁེ་ཕན་ཡོདཔ་ལས་ འབྲུག་གིས་ གོང་འཕེལ་མ་འགྱོ་བའི་ རྒྱལ་ཁབ་ལས་ མཐར་འཁྱོལ་ནི་དེ་ གལ་ཅན་ཨིན་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
གཞུང་གིས་ འཛམ་གླིང་ཚོང་འབྲེལ་ཚོགས་སྡེའི་ དགོས་མཁོ་བསྒྲུབ་ནིའི་དོན་ལས་ ནང་འཁོད་ཁྲིམས་བཟོ་ བསྐྱར་ཞིབ་འབད་ནི་ འཕྲོ་མཐུད་དེ་ར་ འབྲེལ་འཛིན་དང་ འཛམ་གླིང་ཚོང་འབྲེལ་ཚོགས་སྡེ་དང་འབྲེལ་བའི་ གནད་དོན་ཐོག་ལུ་ ལྕོགས་གྲུབ་གོང་འཕེལ་ལས་རིམ་ཐོག་ལུ་ གོ་བ་བརྡ་སྤྲོད་འབད་ནི་དང་ ཐབས་རིམ་ལམ་སྟོན་གྱི་དོན་ལུ་ འཛམ་གླིང་ཚོང་འབྲེལ་ཚོགས་སྡེའི་ དྲུང་ཆེན་ཡིག་ཚང་དང་ མཉམ་འབྲེལ་འཐབ་ནི་ཨིན་པས།
ད་ལྟོ་འབད་བའི་བསྒང་ཡོད་མི་ གྲོས་ཆོད་དེ་གིས་ འཛམ་གླིང་ཚོང་འབྲེལ་ཚོགས་སྡེའི་ འཐུས་མི་དེ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་དང་ ག་དེ་སྦེ་ རིམ་སྒྲིག་ཨིན་ན་ ཐག་བཅད་ཚུགས་ནི་ཨིན་པའི་ཁར་ འབྲུག་གོང་འཕེལ་རེ་འདོད་ལུ་ རྒྱབ་སྐྱོར་གཅིག་སྒྲིལ་ཡང་ ངེས་བརྟན་བཟོ་ཚུགས་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འཛམ་གླིང་ཚོང་འབྲེལ་ཚོགས་སྡེའི་ འཐུས་མི་སྦེ་ འཛུལ་ཞུགས་འབད་ཚུགས་པ་ཅིན་ འོས་འབབ་ལྡན་པའི་ཁེ་ཕན་ཚུ་ཡང་ འཐུས་མི་རྒྱལ་ཁབ་ནང་ རང་དབང་ཐོག་ལས་ ཚོང་འབྲེལ་འཐབ་ཚུགས་ནི་དང་ ཟུང་ཕྱོགས་ཚོང་འབྲེལ་གན་ཡིག་ལུ་ བརྟེན་སྡོད་ནི་ཡང་ མར་ཕབ་འགྱོ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ འཐུས་མི་སྦེ་འཛུལ་བ་ཅིན་ འབྲུག་གིས་ ཟུང་ཕྱོགས་ཚོང་འབྲེལ་བཅའ་ཡིག་ བཟོ་ནི་ལུ་ བཅའ་མར་གཏོགས་ཚུགས་ནི་དང་ འབྲུག་རྒྱལ་ཁབ་ཀྱིས་ འཛམ་གླིང་བདེ་སྒྲིག་ནང་ སླབ་ནི་གི་ གོ་སྐབས་འཐོབ་ཚུགས་ནི་ཨིན་པས།
འཛམ་གླིང་ཚོང་འབྲེལ་ཚོགས་སྡེ་འོག་གི་ བཅའ་ཡིག་གིས་ མ་རྩ་གཞི་བཙུགས་འབད་མི་ བློ་སྟོབས་ཡར་དྲག་གཏང་ནི་དང་ ཕྱིའི་མ་རྩ་གཞི་བཙུགས་འབད་མི་ཚུ་ སེམས་ཤུགས་བྱིན་ཚུགས་ནི་མ་ཚ་ད་ འཐུས་མི་སྦེ་ འཛུལ་བ་ཅིན་ ཅ་ཆས་དང་ཞབས་ཏོག་ དེ་ལས་ མ་རྩ་ཚུ་ བཀག་ཆ་མེད་པར་འོག་ནི་ ལྷན་ཐབས་འབད་ཚུགས་ནི་དང་ ངོ་རྐྱང་རྒྱལ་ཁབ་ཚུ་ནང་ གདམ་ཁ་ཅན་གྱི་ཚོང་འབྲེལ་གན་ཡིག་ ལོགས་སུ་སྦེ་ བཟོ་ནི་གི་ དགག་བཤེར་འབད་མི་ཚུགས་ཟེར་ཨིན་པས།
ཨིན་རུང་ བློན་པོ་གིས་ འཛམ་གླིང་ཚོང་འབྲེལ་ཚོགས་སྡེ་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་བ་ཅིན་ གདོང་ལེན་ཡང་ ལེ་ཤ་ཡོད་ཟེར་ཨིན་པས།
རྒྱལ་སྤྱི་ཚོང་འབྲེལ་ནང་ དོ་འགྲན་འབད་མི་ ཡར་སེང་འགྱོ་ནི་དང་ མི་སྡེ་བཟོ་གྲྭ་ཚུ་ནང་ གདོང་ལེན་བྱུང་ནི་ཨིན་པའི་ཁར་ འཐུས་མི་ཟད་འགྲོ་གིས་ཡང་ མ་དངུལ་ལུ་ ཐོ་ཕོག་འོང་ཟེར་ཨིན་པས།
འཛམ་གླིང་ཚོང་འབྲེལ་ཚོགས་སྡེའི་ འཐུས་མི་རྒྱལ་ཁབ་ཅིག་འབདཝ་ལས་ འབྲུག་གིས་ ནང་འདྲེན་བཀག་ཆ་འབད་མི་ཚུགས་ནི་མ་ཚད་ ཧེ་མ་ ངོས་ལེན་འབད་མི་ཚུ་ལུ་ སྤྱོད་ཁྲལ་ཚུ་ཡང་ བཀལ་མི་ཚུགས་ནི་ཨིན་པས།
འཛམ་གླིང་ཚོང་འབྲེལ་ཚོགས་སྡེའི་ འཐུས་མི་འབད་བ་ཅིན་ གཙུག་སྡེ་ཚུ་གིས་ ཁྲིམས་ལུགས་དང་ སྙན་ཞུ་འབད་ནིའི་འགན་ཁུར་ཚུ་ འགྲུབ་ཚུགས་ནིའི་་དོན་ལུ་ ཟད་འགྲོ་ཚུ་ གཏང་དགོཔ་ཐོན་དོ་ཡོདཔ་སྦེ་ བློན་པོ་གིས་ བཤདཔ་ཨིན་མས།
ཁོ་གིས་འབད་བ་ཅིན་ འཛམ་གླིང་ཚོང་འབྲེལ་ཚོགས་སྡེ་ལུ་བརྟེན་ འབྲུག་གི་དཔལ་འབྱོར་ཡར་དྲག་དང་ ཡུན་བརྟན་ དེ་ལས་ གོང་འཕེལ་དམིགས་ཡུལ་འགྲུབ་ནི་ལུ་ ཁེ་ཕན་དང་ གདོང་ལེན་ཚུ་ ལེགས་ཤོམ་སྦེ་ ལྟ་དོ་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།