༉ སྤྱི་ཟླ་༡༡ པའི་ཚེས་༣ ལུ་ ཐིམ་ཕུག་ལུ་སྦེ་ འབྲུག་གིས་ ཧ་ཝའེ་ལས་ རྩོལ་སྒྲུབ་འབད་མི་ འཛམ་གླིང་ཨུ་ཀུ་ལི་ལི་ལས་རིམ་དང་གཅིག་ཁར་ གཞན་དང་མ་འདྲ་བའི་ ལམ་སྲོལ་བརྗེ་སོར་འབད་ཡོདཔ་ཨིན་པས།
གློག་བརྙན་བཟོ་མི་ ཌོག་ཊར་ ཊཱོམ་ བེན་ཌི་ཊི་གི་ རྒྱབ་སྐྱོར་ཐོག་ལས་ མོ་ཧ་ལ་ ཧའོ་གཞི་ཚོགས་ཀྱིས་ འགོ་འདྲེན་འཐབ་མི་ ལས་རིམ་དེ་གིས་ ཨུ་ཀུ་ལི་ལི་ལས་རིམ་རྐྱངམ་གཅིག་མེན་པར་ འབྲུག་པའི་ན་གཞོན་ཚུ་ སེམས་ཤུགས་བསྐྱེད་བཅུག་ནིའི་དོན་ལུ་ སྙན་ཆའི་ལས་རིམ་ཡང་ འབག་འོངས་ཡོདཔ་ད་ ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ལས་རིམ་ནང་ གྲལ་བཞུགས་གནང་ཡོདཔ་ཨིན་པས།
འཛམ་གླིང་ཨུ་ཀུ་ལི་ལི་ལས་རིམ་གྱིས་ ཀེམ་བོ་ཌི་ཡ་དང་ སི་ཀིམ་ལུ་ ཧེ་མའི་ གྲོས་བསྡུར་ཞལ་འཛོམས་ཚུ་ འགོ་འདྲེན་འཐབ་མི་དང་བསྟུན་ ཨེ་ཤི་ཡ་ལུ་ ཕན་ཐོགས་སྦོམ་བྱུང་ཡོདཔ་ཨིན་པས།
དུས་ཅི་གི་ལོ་ནང་ འབྲུག་ལུ་ ཉིན་གྲངས་༣ གྱི་ལས་རིམ་ འགོ་འདྲེན་འཐབ་མིའི་ནང་ ཇི་སྙན་ཆའི་སྦྱོང་བརྡར་སྤེལ་ཁང་གི་ སློབ་ཕྲུག་དང་ སློབ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཧ་ཝའེ་ལས་ ཨུ་ཀུ་ལི་ལི་གི་ སློབ་སྟོན་པ་ཚུ་གི་ ལམ་སྟོན་འོག་ལུ་ ཨ་ལུ་ཚུ་གིས་ ལག་ཐོག་གི་ སྙན་ཆའི་རིག་རྩལ་ཚུ་ ཐོབ་ཡོདཔ་ཨིན་པས།
ཌོག་ཊར་ ཊཱོམ་ བེན་ཌི་ཊི་གིས་ སླབ་མིའི་ནང་ ཁོ་ར་ ཀེམ་བོ་ཌི་ཡ་ལུ་ རྒྱལ་སྤྱི་གློག་བརྙན་དུས་སྟོན་གྱི་ གཞི་བཙུགས་པ་དང་ མདོ་ཆེན་སྦེ་སྡོད་པའི་སྐབས་ལུ་ འཛམ་གླིང་ཨུ་ཀུ་ལི་ལི་ལས་རིམ་དེ་ འགོ་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་ལོ་༥ འི་རིང་ འབྲུག་ལུ་འོང་ནི་གི་ འཆར་གཞི་བརྩམས་རུང་ ནད་ཡམས་ལུ་བརྟེན་ འོང་མ་ཚུགས་ཟེར་ཨིན་པས།
འབྲུག་ལུ་ སྦྱོང་བརྡར་ལས་རིམ་ནང་ འབྲུག་པའི་སློབ་ཕྲུག་༣༣ དང་ སློབ་དཔོན་༦ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ སྙན་ཆའི་ཉམས་མྱོང་ཚུ་ བརྗེ་སོར་འབད་ནི་ལུ་ སྤྲོ་བ་བྱུང་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
ཌོག་ཊར་ ཊཱོམ་ བེན་ཌི་ཊི་གིས་ སླབ་མིའི་ནང་ རྒྱལ་སྤྱིའི་གཞི་སྟེགས་ནང་ འབྲུག་གི་ བརྩི་མཐོང་གསལ་སྟོན་འབད་མི་ འཇིགས་མེད་འབྲུག་པ་དང་ འཕྲིན་ལས་ཆོས་སྒྲོན་དེ་ དཔེ་སྟོན་ཅིག་ཨིནམ་བཞིན་དུ་ འབྲུག་གི་ སྒྱུ་རྩལ་དང་ ལམ་སྲོལ་ཤུལ་ནོར་ཚུ་གི་ དྲན་གསོ་ཅིག་ཨིན་མས་ཟེར་བའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement