༉ བསམ་གྲུབ་ལྗོངས་མཁར་ པདྨ་ཐང་ལུ་ ཡངས་བཙོན་པ་༥ གིས་ སྐྱེས་ལོ་༢༡ ལང་མི་ བཙོན་པ་གཞན་ཅིག་ དམར་བསད་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསམ་གྲུབ་ཆོས་གླིང་ དྲུང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཡོདཔ་བཞིན་དུ་ ད་ལྟོ་ རྩོད་བཤེར་འབད་བའི་བསྒང་ཡོདཔ་ཨིན་པས།
ཉམས་རྒུདཔ་དེ་ སྤྱི་ཟླ་༩ པའི་ཚེས་༢༢ ཀྱི་ནུབ་མོ་ བཙོན་པ་གཞན་ཚུ་དང་གཅིག་ཁར་ འཐབ་འཛིང་འབད་བའི་ཤུལ་ལུ་ སྟབས་མ་བདེཝ་བྱུང་བའི་གནས་སྟངས་ནང་ ཤི་ཡོདཔ་སྦེ་མཐོང་ནུག།
རྐྱེན་ངན་བྱུང་བའི་སྐབས་ ཚེ་འདས་ཕོ་སྐྱེས་དེ་ ཁོ་རའི་ ཆ་རོགས་ཚུ་དང་གཅིག་ཁར་ཡོདཔ་ད་ དོགས་པ་ཅན་ཚུ་ ཁོང་རའི་ ཆ་རོགས་ཚུ་དང་གཅིག་ཁར་ཡོདཔ་བཞིན་དུ་ དེ་བསྒང་ ཁོང་ཆ་ཁྱབ་ ཁྲུས་འབབ་ཉིནམ་བརྩི་སྲུང་འབད་ནིའི་ འཆར་གཞི་སྐོར་ལས་ གྲོས་བསྟུན་འབད་དེ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་དང་འཁྲིལཝ་ད་ འཐབ་འཛིང་དེ་ཡང་ ཆང་འཐུང་སྟེ་ ཁ་ཤགས་རྐྱབ་ནི་ འགོ་བཙུགས་པའི་ཤུལ་ལས་ བྱུང་ཡོདཔ་ད་ དོགས་པ་ཅན་༢ ཀྱིས་ འཐབ་འཛིང་འབད་བའི་སྐབས་ ཉམས་རྒུདཔ་ལུ་ གྱི་གསོབ་ནུག་ཟེར་ཨིན་པས།
དོགས་པ་ཅན་ཚུ་ སྐྱེས་ལོ་༢༠ལས་༣༠གྱི་བར་ན་འབད་མི་ཚུ་ཨིནམ་ད་ ཁོང་གིས་ ཉེས་འཛུགས་ཁག་མ་འདྲཝ་འབད་ཡོདཔ་ད་ དེ་ཡང་ མི་དམར་བསད་དང་ མི་བསད་ནིའི་དཔའ་བཅམ་ནི་ དེ་ལས་ བརྡུང་རྫོབ་འབད་ནི་ཚུ་ཨིན་པས།
སྐྱེས་ལོ་༣༢ དང་ སྐྱེས་ལོ་༣༠ལང་མི་ ཕོ་སྐྱེས་༢ ལུ་ མི་བསད་འབད་བའི་ ཉེས་འཛུགས་འབད་ཡོདཔ་ད་ སྐྱེས་ལོ་༢༣ དང་ སྐྱེས་ལོ་༣༡ ལང་མི་ ཕོ་སྐྱེས་༢ ལུ་ བརྡུང་རྫོབ་འབད་བའི་ ཉེས་འཛུགས་འབད་ཡོདཔ་ད་ སྐྱེས་ལོ་༣༧ ལང་མི་ ཕོ་སྐྱེས་ཅིག་གིས་ མི་བསད་ནི་གི་ དཔའ་བཅམ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
དོགས་པ་ཅན་ཚུ་ ཧེ་མ་ཡང་ བརྡུང་རྫོབ་དང་ སྨྱོ་རྫས་ནག་ཚོང་འཐབ་པའི་ ཉེས་ཁྲིམས་ཕོག་ཡོདཔ་ཨིན་པས།
ཞིབ་དཔྱད་འབད་མི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཉམས་རྒུདཔ་དེ་ ཁོ་རའི་ཆ་རོགས་ཚུ་གིས་ སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་རུང་ ལམ་ཁར་ ཤི་རྐྱེན་བྱུང་ནུག་ཟེར་ཨིནམ་ད་ ཉམས་རྒུདཔ་དེ་ སྨན་ཁང་ནང་ལྷོདཔ་ད་ ཤི་ཡོདཔ་སྦེ་ གསལ་བསྒྲགས་འབད་ནུག།
དོགས་པ་ཅན་ཅིག་གིས་ རྐྱེན་ངན་བྱུང་བའི་ཤུལ་ལུ་ དེ་འཕྲོ་ལས་ བྱོག་སོང་ཡོདཔ་ཨིན་རུང་ དེ་གི་ནངས་པར་དྲོ་པ་ ཁོ་རའི་ཁང་མིག་ནང་ ལོག་འོངམ་ད་ འཛིན་བཟུང་འབད་ཡོདཔ་ཨིན་པས།
གསར་སྤང་ལས་ཨིན་མི་ ཉམས་རྒུདཔ་དེ་གིས་ ནད་ཡམས་ཀོ་བིཌ་-༡༩ འི་སྐབས་ལུ་ སྨྱོ་རྫས་ནག་ཚོང་འཐབ་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༥ ཕོག་ཡོདཔ་ད་ ཁོ་ལུ་ བཙོན་ཁྲིམས་ལྷག་ལུས་ ལོ་༢ དེ་ཅིག་ཡོདཔ་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་ ཁོ་རའི་བཟའ་ཚང་ནང་ བུ་ཕུད་རྡོག་༡ ཨིནམ་བཞིན་དུ་ ཨ་ཞེམོ་༥ དང་ སྲིངམོ་༡ ཡོདཔ་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།