༉ འབྲུག་པའི་ན་གཞོན་༥༠༠ ལྷགཔ་ཅིག་གིས་ སྤྱི་ཟླ་༡༢ པའི་ཚེས་༢༡ རེས་གཟའ་ཉིམ་ལུ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༧ པ་ བརྩི་སྲུང་ཞུ་ནིའི་དོན་ལུ་ ཀུ་ཡིནསི་ནིའུ་ཡོག་ལུ་ འཛོམས་ནི་ཨིན་པས།
དུས་སྟོན་དེ་ ནིའུ་ཡོག་ལུ་ཡོད་པའི་ འབྲུག་ཡུ་ནའེ་ཊེཌ་ལས་ཚོགས་ཀྱིས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་དོ་བཟུམ་སྦེ་ བདུན་མཐའ་སྐབས་འགོ་འདྲེན་འཐབ་དགོ་མི་དེ་ ཡུ་ནའེ་ཊེཌ་ཨིས་ཊེསི་ལུ་ སྡོད་མི་ཚུ་ ལཱ་གི་གནས་སྟངས་དང་བསྟུན་ བདེ་སྒྲིག་འབད་ཡོད་མི་དེ་ཡང་ རེས་གཟའ་ལྷག་པ་དེ་ ལཱ་འབད་ནི་གི་དུས་ཚོད་ཨིནམ་ལས་ ང་བཅས་ཀྱིས་ དུས་སྟོན་བརྩི་སྲུང་དེ་ བདུན་མཐའ་ལུ་ བཅའ་སྒྲིག་རྐྱབ་ཅི་ཟེར་ འབྲུག་ཡུ་ནའེ་ཊེཌ་ལས་ཚོགས་ཀྱི་གཙོ་འཛིན་ ཨུ་ལབ་ལས་སྐྱིད་ཀྱིས་ བཤདཔ་ཨིན་པས།
འབྲུག་ཡུ་ནའེ་ཊེཌ་ལས་ཚོགས་དེ་ སྤྱི་ལོ་༢༠༡༢ ལུ་ གཞི་བཙུགས་འབད་ཡོདཔ་ད་ ལས་ཚོགས་དེ་གིས་ འབྲུག་པའི་མི་སེར་ཚུ་གི་ ནང་འཁོད་ལུ་ མི་སྡེའི་འགན་ཁུར་འབག་སྟེ་ ལཱ་འབདཝ་ཨིན་ཟེར་ཨིནམ་ད་ ལས་ཚོགས་དེ་གིས་ དུས་སྟོན་ཚུ་ཡང་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་དང་ མི་དབང་མངའ་བདག་རིན་པོ་ཆེའི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་ ལོ་གསར་དུས་སྟོན་ དེ་ལས་ ཞབས་དྲུང་སྐུ་མཆོད་ཚུ་ འགོ་འདྲེན་འཐབ་མི་དེ་ གཙོ་བོ་ར་ འབྲུག་པའི་མི་སེར་ཚུ་ སྔར་སྲོལ་བཟང་པོ་མ་ཉམས་པར་ བཞག་ཐབས་ལུ་ཨིན་ཟེར་ཨིན་པས།
ལས་རིམ་དེ་གིས་ འབྲུག་པའི་ན་གཞོན་དང་ ཨ་ལུ་ཚུ་ལུ་ ཡུ་ཨེས་ལུ་སྐྱེས་ཏེ་ ཡུ་ཨིས་ལུ་ར་སྦོམ་མི་ཚུ་གི་དོན་ལུ་ ཁག་ཆེཝ་སྦེ་ བརྩི་སྲུང་ཞུཝ་ཨིན་ཟེར་ཨིན་པས།
ད་ལྟོ་བཟུམ་ཅིག་ འབད་བ་ཅིན་ ཡུ་ཨེས་ལུ་ འབྲུག་པའི་ཨ་ལུ་༣༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།
དུས་སྟོན་བརྩི་སྲུང་གི་སྐབས་ལུ་ ཡུ་ནའེ་ཊེཌ་ནེ་ཤཱན་ལུ་ འབྲུག་པའི་གཞུང་ཚབ་དང་ ཡུ་ཨེན་གྱི་འགོ་དཔོན་ དེ་ལས་ མགྱོནམོ་གཞན་མི་ཚུ་གིས་ཡང་ བཅའ་མར་གཏོགས་ནི་ཨིན་པས།
ཡུ་ནའེ་ཊེཌ་ནེ་ཤཱན་ལུ་ འབྲུག་གི་བརྟན་བཞུགས་འགོ་དཔོན་ ཀརྨ་གིས་བཤད་མིའི་ནང་ དུས་ཅི་གི་ དུས་སྟོན་བརྩི་སྲུང་ནང་ ལས་རིམ་ཚུ་ཡང་ རང་ལུགས་ཀྱི་ཞབས་ཁྲ་དང་ རྒྱལ་པོའི་བརྟན་བཞུགས་ འབྲུག་གི་ལྟ་བཤལ་པའི་གསལ་སྟོན་ཚུ་ འབད་ནི་ཨིན་ཟེར་ཨིནམ་ད་ དེ་ཁར་ ལས་རིམ་སྣ་ཚོགས་ཚུ་ཡང་ གོ་རིམ་བསྒྲིགས་ཏེ་ཡོད་ཟེར་ཨིན་པས།
མ་དངུལ་ལྷན་ཐབས་ཀྱི་དོན་ལུ་ རྒྱན་ཤོག་གི་ ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
རྒྱལ་ཡོངས་དུས་ཆེན་དེ་ འབྲུག་པའི་ག་ནི་བ་གལ་ཆེ་བའི་ སྔོན་རབས་ལམ་སྲོལ་བཟང་པོ་ཅིག་འབད་ནི་དེ་གིས་ ང་བཅས་རའི་རྒྱལཔོ་རིམ་བྱོན་ཚུ་གི་ མཛད་ཤུལ་བཟང་པོ་ལུ་ གུས་བཏུད་ཞུ་དགོཔ་ཡོད་ཟེར་ ཨུ་ལབ་ལས་སྐྱིད་ཀྱིས་ བཤད་པའི་ཁར་ ལས་རིམ་དེ་ ཡུ་ཨེས་ཌོ་ལར་༣༠,༠༠༠ ཟད་འགྲོ་བཏང་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ ཡུ་ནའེ་ཊེཌ་ནེ་ཤཱན་ལུ་ འབྲུག་གི་བརྟན་བཞུགས་ཡིག་ཚང་གི་ ཁ་ཐུག་ལས་ འདི་བཟུམ་གྱི་ལས་རིམ་ འགོ་འདྲེན་འཐབ་མི་ལུ་ རྒྱབ་སྐྱོར་ཚུ་ཡོདཔ་ཨིན་པས།
སློབ་ཕྲུག་སྐྱེས་ལོ་༣༤ ལང་མི་ ཀུན་དགའ་ཀུན་ལེགས་ཚེ་རིང་གིས་ བཤད་མའི་ནང་ རང་གི་རྒྱལ་ཁབ་ནང་ལས་ ཕྱི་ཁར་སྡོད་དེ་འབད་རུང་ འདི་བཟུམ་གྱི་ དུས་སྟོན་བརྩི་སྲུང་ཞུཝ་ད་ སེམས་ཁར་ཚོར་སྣང་མ་འདྲཝ་ཅིག་ར་ བྱུངམ་མས་ཟེར་ཨིནམ་ད་ དུས་སྟོན་དེ་གིས་ ཨ་རྟག་དང་མ་འདྲཝ་ བཟོ་དོ་ཡོདཔ་ཨིན་རུང་ འབྲུག་མི་ག་ར་ གཅིག་ཁར་དཔུངས་འཛོམས་འབད་ཚུགས་ནི་ཨིན་མི་ལུ་ སེམས་དགའ་བས་ཟེར་ཨིནམ་ད་ ང་གིས་ མི་དབང་མངའ་བདག་རིན་པོ་ཆེ་མབཆོག་གིས་ ལྕང་གླིང་མི་ཐང་ནང་ལས་ རྒྱལ་ཡོངས་ལུ་ གསུངས་བཤད་གནང་མི་དེ་ མཇལ་ཡི་ཟེར་ཨིནམ་ད་ གསུངས་བཤད་ཉནམ་ད་ འབྲུག་དེ་ཚོང་འབྲེལ་གྱི་ གཙོ་རིམ་ཅན་ཅིག་ལུ་ བསྒྱུར་བཅོས་འགྱོ་ནི་ཨིནམ་སྦེ་ ཧ་གོ་ཡི་ཟེར་ཨིནམ་བཞིན་དུ་ དེ་ཡང་ གཙོ་བོ་ར་ དགེ་ལེགས་ཕུག་ དྲན་ཤོས་ཁྲོམ་ཚོགས་ལུ་བརྟེན་ འོང་ནི་མས་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།