༉ འདས་པའི་ལོ་ནང་ བེང་ཀོག་རྒྱལ་སྤྱི་གནམ་ཐང་ནང་ ཐའེ་གི་ ཅ་དམ་འགོ་དཔོན་ཚུ་གིས་ འཕྱོག་བཟུང་འབད་མི་ ཡུ་ཨེསི་ཌི་ས་ཡ་༠.༤༥ ནག་ཚོང་འཐབ་པའི་གནད་དོན་གྱི་ དུས་མཐུན་སྙན་ཞུའི་ནང་ ཁྲིམས་སྲུང་འགག་པ་གིས་ གནམ་ཐང་ལས་ འཕྱོག་བཟུང་དྲན་ཐོ་ ཐོབ་ཡོདཔ་སྦེ་ཨིན་པས།
ཨིན་རུང་ དྲན་ཐོ་དེ་ ཐའེ་ནང་བྲིས་ཏེ་ཡོདཔ་ལས་ འགོ་དཔོན་ཚུ་གིས་ ད་ལྟོ་ བདེན་དཔྱད་བརྒྱུད་དེ་ ཁུངས་ལྡན་དབྱེ་དཔྱད་འབད་ནིའི་ ལཱ་ཚུ་འབད་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་མཇུག་བསྡུ་ཚར་ཞིནམ་ལས་ རྩོད་དོན་དེ་ འདས་པའི་ལོའི་ སྤྱི་ཟླ་༡༡ པའི་ཚེས་༡༨ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་ད་ ཨིན་རུང་ སྒྲུབ་བྱེད་གངམ་མེད་པ་ལུ་བརྟེན་ ཞིབ་དཔྱད་ཧེང་སྐལ་འབད་ནིའི་དོན་ལུ་ ཁྲིམས་སྲུང་འགག་སྡེ་ལུ་ བཏང་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ གནས་ཚུལ་བྱུང་ཁུངས་ཚུ་ལས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ངོ་རྐྱང་དེ་ ཡུ་ཨེསི་ཌོ་ལར་གྱི་ ནག་ཚོང་ནང་ གྲལ་གཏོགས་འབད་བའི་ ཁ་ཉེས་བཀལ་ཡོད་རུང་ དེ་བསྒང་ བརྡ་བརྒྱུད་ཀྱིས་ སྙན་ཞུ་འབད་མིའི་ནང་ ཌོ་ལར་ཚུ་ ངོ་མ་སྦེ་ མ་མཐོང་པས་ཟེར་ཨིན་པས།
སི་སི་ཊི་བི་པར་ཆས་ནང་ཡང་ ངོ་རྐྱང་དེ་གིས་ ཀེ་ཕ་ཡེབ་ཆང་གི་ ཤོག་སྒྲོམ་༣ འབག་ཡོདཔ་སྦེ་མཐོང་རུང་ ཌོ་ལར་ཚུ་ ངོ་མ་སྦེ་ སྤྲོད་ལེན་འབད་ནི་དང་ ཡང་ཅིན་ འབག་བསྐྱལ་བའི་ སྒྲུབ་བྱེད་མེདཔ་ཨིན་པས།
བརྡ་བརྒྱུད་ཀྱི་ སྙན་ཞུ་ཚུ་གི་ཤུལ་ལས་ གནས་ཚུལ་བྱུང་ཁུངས་ཚུ་དང་འཁྲིལཝ་ད་ ཁ་ཉེས་ཕོག་མི་ དོགས་པ་ཅན་དང་ ཁོ་རའི་ གནས་ཚང་༢ ཆ་ར་ ཁོང་རའི་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་ཡོདཔ་དང་ ཡང་ཅིན་ གནས་སྐབས་དགོངས་ཕོག་བཏང་ཡོདཔ་སྦེ་ཨིན་པས།
ཐའེ་གི་ ཅ་དམ་འགོ་དཔོན་ཚུ་གིས་ འདས་པའི་ལོ་ནང་ བེང་ཀོག་རྒྱལ་སྤྱི་གནམ་ཐང་ནང་ ནང་ཚོང་འཐབ་ནིའི་དཔའ་བཅམ་མི་ ཕོ་སྐྱེས་དེ་ལས་ ཡུ་ཨེསི་ཌི་ས་ཡ་༠.༤༥ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
དོགས་པ་ཅན་དེ་ འབྲུག་མཁའ་འགྲུལ་གྱི་ བཞེས་སྒོ་སྐྱེལ་དྲང་སྡེ་ཕྲན་གྱི་ འགོ་འཛིན་ཨིནམ་བཞིན་དུ་ ཁོ་གི་ གནས་ཚང་དེ་ཡང་ སྡེ་ཕྲན་དེ་ནང་ ཁྲལ་ཡངས་ཀྱི་ ལྟ་རྟོག་པ་ཨིནམ་ད་ བཞེས་སྒོ་དང་ཆང་བསྐྱལ་ནིའི་ བཤུད་འཁོར་ཊོ་ལི་དང་གཅིག་ཁར་ ཀེ་ཕ་ཡེབ་ཆང་གི་ ཤོག་སྒྲོམ་༣ ནང་བཙུགས་ཡོད་པའི་ ཌོ་ལར་ཚུ་འབག་ནིའི་དོན་ལུ་ མགུ་གི་ཀེ་བིན་ནང་ བཞག་ཡོདཔ་ཨིན་པས།
སྤ་རོ་ལུ་ ཁྲིམས་སྲུང་འགག་པ་དང་ ཅ་དམ་འགོ་དཔོན་ཚུ་གིས་ མཉམ་འབྲེལ་ཞིབ་དཔྱད་འབདཝ་ད་ སྤྱི་ཟླ་༦ པའི་ཚེས་༢༣ ལུ་ བཞེས་སྒོ་སྐྱེལ་དྲང་བཤུད་འཁོར་ ལག་ལེན་འཐབ་སྟེ་ ཌོ་ལར་ཚུ་ གནམ་གྲུ་ནང་འབག་ཡོད་པའི་ གཏན་འཁེལ་འབད་ཡོདཔ་ཨིན་པས།
གནད་དོན་དེ་ སྤྱི་ཟླ་༧ པའི་ཚེས་༢ བྱུང་ཡོདཔ་ད་ དེ་ཡང་ འབྲུག་མཁའ་འགྲུལ་གྱི་ གནམ་གྲུ་ཀེ་བི་-༡༣༠ནང་ སྤ་རོ་ལས་ བེང་ཀོག་ལུ་ འཕུར་འགྲུལ་འབད་མི་ ཕོ་སྐྱེས་ཅིག་ བེང་ཀོག་གནམ་ཐང་ནང་ ཐའེ་གི་ ཅ་དམ་འགོ་དཔོན་ཚུ་གིས་ འཛིན་བཟུང་འབད་བའི་སྐོར་ལས་ སྤ་རོའི་ ཁྲིམས་སྲུང་འགག་སྡེ་ལུ་ བརྡ་ལན་འབད་ཡོདཔ་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement