༉ འབྲུག་གི་ དངུལ་ཀྲམ་དེ་ ཡུ་ཨེསི་ཌོ་ལར་དང་ཕྱདཔ་ད་ གནས་གོང་དམའ་ཤོས་ཅིག་ལུ་ལྷོད་ཡོདཔ་ད་ སྤྱི་ལོ་༢༠༢༤ གི་ཟླཝ་༡༢ པའི་ནང་ དངུལ་ཀྲམ་གྱི་གནས་གོང་དེ་༨༤.༨༥ ལུ་ལྷོད་ཡོདཔ་ད་ དེ་ཡང་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༢ མར་བབས་སོང་ཡོདཔ་ཨིན་པས།
དངུལ་ཀྲམ་གྱི་གནས་གོང་ མར་བབས་འགྱོ་མི་དེ་གིས་ ནང་འདྲེན་གྱི་ ཟད་འགྲོ་ཡར་འཕར་འགྱོ་བའི་ཁར་ འབྲུག་གི་ བསྒྱུར་བཏུབ་དངུལ་བུན་སྤྲོད་ནིའི་དཀའ་ངལ་ ཡར་འཕར་སོང་ཡོདཔ་ལས་ ཚ་གྱང་ལང་དགོཔ་བྱུང་ཡོདཔ་ཨིན་པས།
ཨིན་རུང་ གནས་གོང་མར་བབས་འགྱོ་མི་དེ་གིས་ ཕྱིར་ཚོང་འཐབ་ནི་ལུ་ དོ་འགྲན་ཅན་བཟོ་ནིའི་ གོ་སྐབས་ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་དང་འཁྲིལཝ་ད་ འདས་པའི་ལོ་ངོ་བཅུ་ཕྲག་གི་རིང་ དངུལ་ཀྲམ་གྱི་གནས་གོང་དེ་ ཡུ་ཨེསི་ཌོ་ལར་དང་ཕྱདཔ་ད་ བརྒྱ་ཆ་༣༧.༦༧ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༡༤ ལུ་ དངུལ་ཀྲམ་༦༡.༠༣ ལས་ ད་རེས་ཀྱི་ གནས་གོང་དམའ་ཤོས་ལུ་ མར་བབས་སོང་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡ པའི་ནང་ ཡུ་ཨེསི་ཌོ་ལར་༡ ལུ་ དངུལ་ཀྲམ་༨༢.༡༣ སྦེ་ གནས་ཡོདཔ་ཨིན་པས།
དངུལ་ཀྲམ་གྱི་ གནས་གོང་མར་བབས་འགྱོ་མི་དེ་ རྒྱ་གར་གྱི་ཏི་རུ་ རུ་པི་དང་གཅིག་ཁར་ འདྲ་མཉམ་འབད་ནི་དེ་གིས་ཨིནམ་ད་ དེ་ཡང་ འཛམ་གླིང་དཔལ་འབྱོར་གྱི་ཆ་ཤས་བཟོ་ནི་དང་ ཕྱི་དངུལ་གྱི་མ་རྩ་བཙུགས་ནི་ དེ་ལས་ ས་སྣུམ་གྱི་གོང་ཚད་ལུ་བརྟེན་ཨིན་མས།
མ་གཞི་ རྒྱ་གར་གྱི་དངུལ་ཀྲམ་དེ་ འབྲུག་ལུ་ དངུལ་འབྲེལ་གྱི་ཉེན་ཁ་ཚུ་ལས་ ཉེན་སྐྱོབ་འབད་དོ་ཡོད་རུང་ ཕྱི་དངུལ་བུ་ལོན་དེ་ གནས་གོང་མར་བབས་ཀྱི་ གདོང་ལེན་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་པས།
སྤྱི་ལོ་༡༩༧༤ ལས་ཚུར་ དངུལ་ཀྲམ་དེ་ རུ་པི་དང་གཅིག་ཁར་ འདྲ་མཉམ་བཟོ་ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་དང་འཁྲིལ་བ་ཅིན་ ཕྱིའི་བུ་ལོན་དང་ བུ་ལོན་གསོག་མཛོད་ ཉུང་སུ་ཅིག་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༢༣ དང་༢༠༢༤ ལུ་ ཡུ་ཨེསི་ཌོ་ལར་དང་ཕྱདཔ་ད་ དངུལ་ཀྲམ་གྱི་གནས་གོང་དེ་ དུམ་གྲ་ཅིག་ མར་བབས་སོང་ནི་དེ་གིས་ཨིན་པས།
སི་སི་བུ་ལོན་གསོག་མཛོད་དང་ བུ་ལོན་ཞབས་ཏོག་དེ་ འདས་པའི་ལོ་གི་ ལོ་ཕྱེད་ཚུན་ དངུལ་ཀྲམ་ཐེར་འབུམ་༢.༢ དང་ དངུལ་ཀྲམ་ས་ཡ་༣༡.༣ ཡར་སེང་སོང་ཡོདཔ་ཨིན་པས།
འདས་པའི་ལོ་གི་ སྤྱི་ཟླ་༦ པ་ཚུན་ སི་སི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༩༡.༡༤ ཨིནམ་ད་ དེ་ཡང་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༡.༠༩ དང་ འདྲ་མཉམ་ཨིནམ་ད་ འདི་གིས་ ཕྱིའི་བུ་ལོན་བརྒྱ་ཆ་༣༤.༦ གསལ་སྟོན་འབདཝ་ཨིན་པས།
དངུལ་ཀྲམ་གྱི་ གནས་གོང་མར་བབསའགྱོ་མི་ལུ་བརྟེན་ འབྲུག་ལུ་ རྒྱལ་ཁབ་གསུམ་པ་ལས་ ནང་འདྲེན་འབད་མིའི་གོང་ཚད་དེ་ ན་ཧིང་ སྤྱི་ཟླ་༦ པའི་ནང་ དངུལ་ཀྲམ་ཐེར་འབུམ་༦.༥༧ འབད་མི་དེ་ སྤྱི་ཟླ་༡ པ་ལས་ སྤྱི་ཟླ་༦ པ་ཚུན་་ དངུལ་ཀྲམ་ས་ཡ་༢.༦༩ ཡར་སེང་སོང་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱིས་ རྒྱལ་ཁབ་གསུམ་པ་ཚུ་ནང་ ཕྱིར་ཚོང་འཐབ་ས་ལས་ དངུལ་ཀྲམ་ས་ཡ་༢༤.༧༩ ཐོབ་ཡོདཔ་ལས་ དུས་ཡུན་དེ་ནང་ བསྡོམས་དངུལ་ཀྲམ་ཐེར་འབུམ་༧.༡ ཐོབ་ཡོདཔ་ཨིན་པས།
དཔལ་འབྱོར་མཁས་པ་ཚུ་གིས་ སླབ་མིའི་ནང་ དངུལ་ཀྲམ་གྱི་ གནས་གོང་མར་བབས་འགྱོ་མི་དེ་གིས་ ཕྱིར་ཚོང་འཐབ་མི་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་རུང་ ཕྱི་རྒྱལ་ལུ་ ཤེས་ཡོན་སྦྱང་མི་དང་ ཕྱི་དངུལ་གྱི་མཐུན་རྐྱེན་ཡོད་མི་ཚུ་གི་དོན་ལུ་ གདོང་ལེན་འབྱུང་ནི་མས་ཟེར་ཨིནམ་ད་ དམིགས་བསལ་དུ་ མི་སེར་ཚུ་ ཕྱི་རྒྱལ་ལུ་ ཟད་འགྲོ་གཏངམ་ད་ གདོང་ལེན་འབྱུང་ནི་ཨིན་པས།
སྤྱི་ལོ་༢༠༢༡ ལས་འགོ་བཟུང་སྟེ་ ཡུ་ཨེསི་ཌོ་ལར་དང་ཕྱདཔ་ད་ དངུལ་ཀྲམ་གྱི་ བརྗེ་སོར་གནས་གོང་དེ་ དངུལ་ཀྲམ་༧༤ དང་ དངུལ་ཀྲམ་༨༤ གི་བར་ན་ ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ གྱི་ ཟླཝ་༧ པ་ལས་༩ པ་ཚུན་དང་ སྤྱི་ལོ་༢༠༢༤ གི་ ཟླཝ་༤ པ་ལས་༦ པ་ཚུན་གྱི་ བརྗེ་སོར་གནས་གོང་དེ་ དངུལ་ཀྲམ་༨༢.༧ ལུ་གནས་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༢༡ གི་ ཟླཝ་༡ པ་ལས་༣ པ་ཚུན་ གནས་གོང་དངུལ་ཀྲམ་༧༢.༩ འབད་མི་དེ་ སྤྱི་ལོ་༢༠༢༤ གི་ སྤྱི་ཟླ་༤ པ་ལས་༦ པ་ཚུན་ དངུལ་ཀྲམ་༨༣.༤ ལུ་ འཛེགས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༡ ལུ་ རྒྱ་གར་གྱི་དངུལ་ཁང་ལྟེ་བ་གིས་ རུ་པི་རྩ་བརྟན་བཟོ་ནིའི་ཐབས་ལམ་ཚུ་ ལག་ལེན་འཐབ་པའི་སྐབས་ ཕྱི་དངུལ་བརྗེ་སོར་གསོག་འཇོག་ཚུ་ ཡར་སེང་འབད་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།