༉ གཞལམ་སྒང་གི་ མཐའ་ཟུར་གཡུས་ཚན་ ཀག་སྟོང་ལས་ སྐྱེས་ལོ་༥༢ ལང་མི་ ཨཔ་ཚེ་དར་དང་ སྐྱེས་ལོ་༥༦ ལང་མི་ ལྕམ་ཅི་ཟ་ཚང་༢ དབང་པོ་ལུ་ ཐོ་ཕོག་མི་ཅིག་འབདཝ་ལས་ ལོ་ངོ་མང་རབས་ཅིག་གི་རིང་ སྦ་སྒོར་ཆུང་ཀུ་ཅིག་ནང་ དཀའཝ་སྤྱད་དེ་ སྡོད་པའི་ཤུལ་ལུ་ ད་རེས་ སྡོད་ཁྱིམ་གསརཔ་ནང་ སྤོ་ཚུགས་ཡོདཔ་ཨིན་པས།
བཟའ་ཚང་༢ པོ་དེ་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ རམ་ཤ་ཀཱལ་ཟེར་མི་ སྦ་སྒོར་ནང་ ཁྱིམ་ཐོག་ངང་ལག་ཤིང་གི་ འདབ་མ་བཀབ་སྟེ་སྡོད་མི་གིས་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ ཆུ་འཛགས་མི་ལུ་བརྟེན་ ལོ་༢ ཀྱི་བར་ན་ ཁྱིམ་ཐོག་ཚར་རེ་ སོར་དགོཔ་བྱུང་ཡོདཔ་ཨིན་པས།
ཁོང་བཟའ་ཚང་༢ ཀྱི་རེ་བ་དེ་ ཉེན་སྲུང་ཅན་དང་ ཡུན་བརྟན་ཅན་གྱི་ ཁྱིམ་ཅིག་ནང་ སྡོད་ནི་དེ་ཨིནམ་བཞིན་དུ་ སྤྱི་ཟླ་༦ པའི་ནང་ལས་ ཁྱིམ་གསརཔ་བཟོ་སྐྲུན་འབད་མི་དེ་ མཇུག་བསྡུ་ཡོདཔ་ཨིན་པས།
ད་ལས་ཕར་ ང་བཅས་ཀྱིས་ གནམ་དགུན་ལུ་ གྱང་བསིལ་དང་ རླུང་མ་འཕུ་མིའི་གདོང་ལེན་དང་ གནམ་བྱཱར་གྱི་ཆརཔ་ལུ་ འཚེར་སྣང་བསྐྱེད་དགོཔ་མེད་པའི་ཁར་ ང་བཅས་ཟ་ཚང་དེ་ ཉེན་སྲུང་ཅན་དང་ ཚ་དྲོད་ལྡན་པའི་ཁྱིམ་ནང་ སྡོད་དོ་ཟེར་ཨིན་པས།
ཨཔ་ཚེ་དར་དེ་ རྣམ་ཅོག་གུ་ལུ་ ཐོ་ཕོག་མི་ཅིག་འབད་རུང་ ཁོ་གིས་ ཁྱིམ་ཚང་ཚུ་གི་ ལས་མི་སྦེ་སོང་སྟེ་ ཉིན་བསྟར་གླ་ཆ་དངུལ་ཀྲམ་༤༠༠ རེ་ ཐོབ་དོ་ཡོདཔ་ཨིན་པས།
ཁོ་གི་གནས་ཚང་ ལྕམ་ཅི་དེ་ ཁ་སོ་རལ་འབད་ནི་དེ་གིས་ བློ་སླབ་ནི་ལུ་ དཀའ་ངལ་ཡོད་པའི་ཁར་ མོ་ར་ གཟུགས་སྟོབས་སྒྲིང་སྒྲི་མེདཔ་ལས་ ལཱ་ཚུ་འབད་མི་ཚུགས་དོ་ཡོདཔ་བཞིན་དུ་ ཁོང་བཟའ་ཚང་༢ ལུ་ ཨ་ལུ་༣ ཡོད་མི་ལས་ བུཚ་ཁ་ལེགས་ཤོམ་སྦེ་ སླབ་མ་ཚུགས་མི་དེ་ དགེ་སློང་ནང་ བཙུགས་ཡོདཔ་ཨིན་པས།
ཁོང་ལུ་ ས་ཞིང་ཨེ་ཀར་༢ ལྷགཔ་ཅིག་ཡོདཔ་ད་ དེ་ནང་ཁོང་གིས་ ཚོད་བསྲེ་དང་ གེ་ཟ་ དེ་ལས་ ལོ་ཐོག་གཞན་གྱི་རིགས་ཚུ་ འཛུགས་སྐྱོང་འབད་དེ་ ཁོང་ར་བཟའ་ཚང་གི་ འཚོ་སྐྱོང་འཐབ་དོ་ཡོདཔ་ཨིན་པས།
ཁོང་ལུ་ ཁྱིམ་ཐོག་ཅིག་འབད་མི་དེ་ བཟོ་སྐྲུན་འབད་ཚུགས་མི་དེ་ཡང་ ཀག་སྟོང་སློབ་གྲྭ་ཆུང་བའི་སློབ་དཔོན་ཅིག་གིས་ འགོ་འདྲེན་ཐོག་ལས་ ཡོངས་འབྲེལ་ཊིག་ཊོག་ལག་ལེན་འཐབ་སྟེ་ ཞལ་འདེབས་དངུལ་ཀྲམ་འབུམ་༣ བསྡུ་ལེན་འབད་མི་གིས་ རྐྱབ་ཡོདཔ་ཨིན་པས།
ལས་རིམ་དེ་ དྭངས་གསལ་སྦེ་ ལག་ལེན་འཐབ་ཚུགས་ཐབས་ལུ་ སློབ་དཔོན་སྐལ་བཟང་ཚེ་རིང་གིས་ ཚོགས་ཆུང་ཅིག་བཟོ་ཐོག་ལས་ མ་དངུལ་དེ་ ཁག་འབག་གི་ལཱ་འབད་མི་ ས་གནས་ཀྱི་ གཡུས་མི་༣ ལུ་སྤྲོད་དེ་ ཁྱིམ་བཟོ་སྐྲུན་འབད་ཡོདཔ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཁོ་ར་ཨ་རྟག་ར་ སློབ་གྲྭ་ནང་ སྒྲིག་གཡོག་ནང་འགྱོ་བའི་སྐབས་སུ་ བཟའ་ཚང་གཉིསཔོ་དེ་ གོ་ལ་ཆརཔ་གིས་ སྦང་མི་ལུ་བརྟེན་ སྐམ་སྡོད་སར་མཐོང་ཅི་ཟེར་ཨིནམ་ད་ ཁོ་གིས་ ཡོངས་འབྲེལ་ཊིག་ཊོག་ནང་ བཟའ་ཚང་གི་སྡོད་ཁྱིམ་དང་ གནས་སྟངས་ཚུ་གི་ སྐོར་ལས་ སྟོན་པའི་སྐབས་སུ་ ཁོ་རའི་ཆ་རོགས་ཕྱི་རྒྱལ་ལུ་ སྡོད་མི་ཚུ་གིས་ ཆ་རོགས་འབད་ནི་འགོ་བཙུགས་ཡོདཔ་ལས་ ཡོངས་འབྲེལ་དེ་ ཕན་རླབས་ཅན་ཅིག་ཨིན་མས་ཟེར་ཨིན་པས།
ལས་འགུལ་དེ་ནང་ མ་དངུལ་གྱིས་ བདའ་མ་ཟུན་མི་ལུ་བརྟེན་ འཆར་གཞི་ལ་ལུ་ཅིག་ འབད་མ་ཚུགས་པར་ལུས་ཏེ་ཡོདཔ་ད་ དེ་ཡང་ ཁང་ཚན་ཅིག་གི་ཁྱིམ་ཐོག་དང་ གློག་མེ་བཙུགས་ནི་ཚུ་ མཇུག་བསྡུ་མ་ཚུགས་པར་ཡོད་ཟེར་ཨིན་པས།
ཡོངས་འབྲེལ་ལག་ལེན་པ་ ལ་ལུ་ཅིག་གིས་ ཁྱིམ་ཐོག་ལྕགས་ཤོག་དང་ གློག་མེའི་མཁོ་ཆས་ཚུ་གི་ གྲོགས་རམ་འབད་ནི་ལུ་ ཁས་བླངས་འབད་དེ་ཡོད་རུང་ ལོ་རྒྱུས་སླབ་དོ་བཟུམ་སྦེ་ འགྱོ་མ་བཏུབ་ལས་ གློག་མེའི་མ་དངུལ་ཚུ་ ཁྱིམ་ཐོག་ནང་ གཏང་དགོཔ་བྱུང་ཡི་ཟེར་ཨིན་པས།
མ་དངུལ་ཚུ་གིས་ ལང་མ་ཚུགས་མི་ལུ་བརྟེན་ ད་ལྟོ་ ཟ་ཚང་གཉིས་ཀྱིས་ བཞེས་སྒོ་ཚུ་ སྔར་སྲོལ་གྱི་ཐབ་གུ་ལས་ར་ འབད་དོ་ཡོདཔ་ཨིན་པས།
བཟའ་ཚང་གཉིསཔོ་དེ་ སྡོད་ཁྱིམ་གསརཔ་ཐོབ་མི་ལུ་ སེམས་དགའ་སྟེ་ཡོདཔ་ད་ ང་བཅས་ཀྱིས་ ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ རྒྱབ་སྐྱོར་འབད་མི་ག་ར་ལུ་ དཀའ་དྲིན་དགའ་ཚོར་ སྦོམ་ར་ཡོད་ཟེར་ ཨཔ་ཚེ་དར་གྱིས་ བཤདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།