༉ དུས་ཅི་གི་ལོ་ནང་ འབྲུག་བརྒྱུད་འཕྲིན་ཚད་ཀྱི་ཡིག་ཚང་ནང་ ཡོངས་འབྲེལ་ཨིན་ཊར་ནེཊ་གི་ ཞབས་ཏོག་ལག་ལེན་འཐབ་མི་ ཚོང་མགྲོན་པ་༦,༣༠༠ གིས་ ཞབས་ཏོག་ཚུ་ ཚུལ་མཐུན་མེད་པའི་སྐོར་ལས་ ཉོགས་བཤད་ཚུ་ བཀོད་མི་དང་འཁྲིལཝ་ད་ ཟླཝ་རེ་ལུ་ ཉོགས་བཤད་བཀོད་མི་༧༠༠ དེ་རེ་ ལྷོད་ཡོད་པའི་ཚོད་རྩིས་ཨིན་པས།
རྒྱལ་ཁབ་ནང་ ཡོངས་འབྲེལ་ཨིན་ཊར་ནེཊ་གི་རྒྱུན་ལམ་ ལེགས་ཤོམ་མེད་པའི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་མི་ཚུ་ དབུགས་འགམ་སྟེ་ ཚིག་རྩུབ་སླབ་དོ་ཡོདཔ་ད་ འབྲུག་བརྒྱུད་འཕྲིན་ཚད་ཀྱི་ མི་སྡེ་བརྡ་བརྒྱུད་ཡོངས་འབྲེལ་ནང་ ཡོངས་འབྲེལ་ཚུ་རྒྱུན་ལམ་སྒྲིང་སྒྲི་དང་ ལེགས་ཤོམ་བཟོ་ནི་གི་ཚབ་ལུ་ ལོག་ཅི་ལོག་ཅི་ར་ མེདཔ་ཐལ་ཏེ་སྡོདཔ་མས་ཟེར་བའི་ ཉོགས་བཤད་ཚུ་ བྲིས་ཡོདཔ་ཨིན་པས།
ད་རུང་ ཡོངས་འབྲེལ་ལག་ལེན་འཐབ་མི་ གཞན་མི་ཅིག་གིས་ སླབ་མིའི་ནང་ སྤྱིར་བཏང་ ཁེ་སང་འཐུས་ཚུ་ མ་བྱིན་ཏེ་འབད་རུང་ ང་བཅས་ལུ་ རྒྱུན་ལམ་དེ་ར་ ཚུལ་དང་ལྡནམ་ཅིག་ བཀྲམ་སྤེལ་འབད་ཚུགས་པ་ཅིན་ དེ་གིས་ར་ བཏུབ་ནི་མས་ཟེར་ཨིན་པས།
ཚོང་མགྲོན་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གི་ཉམས་ཚོར་ལུ་འབདཝ་ད་ ཡོངས་འབྲེལ་ནང་ ཡིག་ཆ་ཅིག་བཙུགས་ནིའི་དོན་ལུ་ སྐར་མ་གཉིས་དང་གསུམ་དེ་རེ་ བསྒུགས་དགོཔ་ཐོནམ་མས་ཟེར་ཨིན་པས།
ཀུན་གསལ་གྱིས་ དྲིས་བཀོད་འབད་མི་ཅིག་གིས་ སླབ་མིའི་ནང་ ཡོངས་འབྲེལ་ཨིན་ཊར་ནེཊ་གི་རྒྱུན་ལམ་ བྱང་ངེས་ལུ་བརྟེན་ དབུགས་འགམ་མས་ཟེར་ཨིན་པས།
ཁ་ས་གྲབ་ཅུ་ལུ་སྡོད་མི་ཅིག་གིས་ བཤད་མིའི་ནང་ ངེ་གི་མནོ་བསམ་ལས་འབད་བ་ཅིན་ ཡོངས་འབྲེལ་ཕ་ཡེབ་ཇི་ལུ་ ཡར་སེང་འབད་བ་ཅིན་ ལེགས་ཤོམ་འོང་ནི་བཟུམ་ཚོར་རུང་ ཧེ་མའི་ལོ་རྒྱུས་ཚུ་ མནོ་བསམ་བཏངམ་ད་ འོས་འབབ་ལེགས་ཤོམ་ཅིག་ མི་འོང་ནི་མས་ཟེར་ཨིན་པས།
ཐིམ་ཕུག་ ལུབ་སྡིངས་ལུ་སྡོད་མི་ཅིག་གིས་ བཤད་མིའི་ནང་ ཁོ་གི་ས་ཁོངས་ནང་ བཟུམ་ཅིག་འབད་བ་ཅིན་ དུས་ཚོད་གལ་གནད་ཅན་ ཕྱི་རུ་ཆུ་ཚོད་༦ དང་༡༠ གྱི་བར་ན་ རྒྱུན་ལམ་ལེགས་ཤོམ་སྦེ་ རྩ་ལས་ར་མི་བཏུབ་པས་ཟེར་ཨིན་པས།
ང་གིས་ གལ་སྲིད་ ཁག་ཆེ་བའི་ཡིག་ཆ་རེ་ བཏང་དགོཔ་འདྲཝ་འབད་བ་ཅིན་ དྲོ་པ་ཚུན་བསྒུགས་སྡོད་དགོ་པས་ཟེར་ཨིན་པས།
བཀྲིས་སྒང་ལུ་ ལག་ལེན་པ་ཅིག་གིས་ སྙན་ཞུ་འབད་མི་ནང་ ཡོངས་འབྲེལ་ཚུལ་མཐུན་མེད་པར་ བདུན་ཕྲག་གཉིས་སོང་ཡི་ཟེར་ཨིནམ་ད་ ང་གིས་ མཉེན་ཆས་ཨེབ་ ཨེམ་བཱོབ་དང་ ཨེམ་པེ་ཚུ་ ལག་ལེན་འཐབ་ཐོག་ལས་ ཚོང་ཁང་ནང་ལས་ ཚོང་ཉོ་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ གཞན་དང་གཞན་ཡང་ ཡོངས་འབྲེལ་ཨིན་ཊར་ནེཊ་རེ་ ལག་ལེན་འཐབ་དགོ་མནོ་རུང་ རྩ་ལས་ར་ ལཱ་ལེགས་ཤོམ་འབད་མི་བཏུབ་པས་ཟེར་ཨིན་པས།
འབྲུག་བརྡ་དོན་དང་རྒྱུན་འབྲེལ་བརྡ་བརྒྱུད་དབང་འཛིན་འགོ་དཔོན་གྱིས་ ཉོགས་བཤད་ཚུ་ ཡོངས་འབྲེལ་དང་འབྲེལ་བའི་ གནད་དོན་ལེ་ཤ་ཅིག་ནང་ཡོདཔ་སྦེ་ འདུག་ཟེར་ཨིནམ་ད་ དེ་ཡང་ ཨང་ཤོག་མེདཔ་ཐལ་མི་ ཨང་ཤོག་ནང་ཏི་རུ་མེད་མི་ ས་གནས་མཐའ་ཟུར་ཚུ་ནང་ ཡོངས་འབྲེལ་བདའ་མ་ཟུན་མི་ རྒྱུན་སྐྱོང་གི་ལཱ་འབདཝ་ད་ ཞབས་ཏོག་ལུ་ཐོ་ཕོག་མི་ གཞི་རྟེན་མཐུན་རྐྱེན་བསྐྱར་བཟོ་འབད་མི་ དེ་ལས་ གཞན་དང་གཞན་ཡང་ ལེ་ཤ་ཅིག་ར་ སྟབས་མ་བདེཝ་འདུག་ཟེར་ཨིན་པས།
འབྲུག་བརྒྱུད་འཕྲིན་གྱིས་ ཉིན་བསྟར་བཞིན་དུ་ ལཱ་འབད་དགོཔ་ལེ་ཤ་ཡོད་མི་དེ་ཡང་ འགྲུལ་འཕྲིན་བརྒྱ་ལས་བཅད་དེ་ ངོས་ལེན་འབད་ནི་དང་ འདི་དང་འབྲེལ་བའི་ ཡོངས་འབྲེལ་གྱི་ མཐུན་རྐྱེན་ལེ་ཤ་ཅིག་ནང་ ལཱ་འབད་དགོཔ་ལེ་ཤ་འདུག་ཟེར་ཨིན་པས།
འབྲུག་བརྒྱུད་འཕྲིན་འགོ་དཔོན་གྱིས་ བཤད་མིའི་ནང་ གཙོ་བོ་ར་ ཁེ་སང་འཐུས་བྱིན་པའི་སྐབས་ལུ་ བརྒྱུད་འཕྲིན་མངམ་ལྷོདཔ་མས་ཟེར་ཨིནམ་ད་ དེ་ལས་གཞན་ཡང་ ཞབས་ཏོག་ཚུ་ མེདཔ་ཐལ་མི་ཚུ་ནང་ལས་ གནད་དོན་ལེ་ཤ་ཅིག་ གདོང་ལེན་འབད་དགོཔ་ཐོནམ་མས་ཟེར་ཨིན་པས།
འགོ་དཔོན་གྱིས་ འབད་བ་ཅིན་ གནད་དོན་ཁག་ལེ་ཤ་ཅིག་ལུ་བརྟེན་ ཡོངས་འབྲེལ་གྱི་ཞབས་ཏོག་དེ་ མེདཔ་འགྱོཝ་མས་ཟེར་ཨིནམ་ད་ གནམ་གཤིས་གནས་སྟངས་ལེགས་ཤོམ་མེད་མི་དང་ ཆརཔ་ཤུགས་སྦེ་རྐྱབ་མི་ སེརཝ་རྐྱབ་ནི་ གློག་ཀེམ་པའི་སྐབས་ལུ་ རྒྱུན་ལམ་འཛིན་སྐྱོང་འབད་མི་འཕྲུལ་ཨམ་དེ་ མེདཔ་བཏངམ་མས་ཟེར་ཨིནམ་ད་ འདི་དང་བསྟུན་པའི་ ལས་སྣ་ཁག་ལེ་ཤ་ཅིག་ལུ་བརྟེན་ རྒྱུན་ལམ་ངེས་གཏན་སྦེ་བྱིན་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
བརྡ་བརྒྱུད་དབང་འཛིན་གྱིས་ ཡོངས་འབྲེལ་ཨིན་ཊར་ནཊ་གི་ རྒྱུན་ལམ་ལེགས་ཤོམ་མེད་པའི་སྐབས་ལུ་ ཉོགས་བཤད་བཀོད་མི་ལྷོད་ཅི་ཟེར་ཨིནམ་ད་ ཉོགས་བཤད་ཚུ་ལྷོད་དེ་འབད་རུང་ འདི་ཚུ་ལུ་ གཞི་རྟེན་འབད་བཏུབ་པའི་གནད་དོན་ ལེགས་ཤོམ་ཐོབ་མ་ཚུགསཔ་ལས་ ཧེང་སྐལ་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
ཡོངས་འབྲེལ་གྱི་ དཀའ་ངལ་ཐོན་མི་ཅིག་དེ་ ཡོངས་འབྲེལ་ལག་ལེན་འཐབ་མི་ མང་སུ་ཐོན་མི་ལུ་བརྟེན་ ཡོངས་འབྲེལ་དེ་ ནུས་ཤུགས་ཅན་སྦེ་ ལཱ་འབད་མི་ཚུགས་དོ་ཡོདཔ་ལས་ དེ་གིས་ནུས་ཤུགས་ཚུ་ མར་བབས་འགྱོཝ་མས་ཟེར་ བརྡ་དོན་དབང་འཛིན་གྱིས་ བཤདཔ་ཨིན་པས།
འབྲུག་བརྒྱུད་འཕྲིན་ཚད་ཀྱི་ འགོ་དཔོན་གྱིས་ བཤད་མིའི་ནང་ ང་བཅས་ཀྱིས་ ཡོངས་འབྲེལ་གཞི་རྟེན་མཐུན་རྐྱེན་ཚུ་ རྒྱ་སྐྱེད་འབད་ནི་དང་ འགྲུལ་འཕྲིན་ལས་འགུལ་འཆར་གཞི་དང་ གྲོང་གསེབ་རྒྱུན་འབྲེལ་ལས་འགུལ་གྱི་ ལོ་བསྟར་ཁྱབ་ཚད་དང་བསྟུན་ འཆར་གཞི་བཟོཝ་ཨིན་ཟེར་ཨིན་པས།
ཐབས་ཤེས་དེ་ཡང་ གྲོང་གསེབ་ཀྱི་ས་ཁོངས་ཚུ་ནང་ ཁྱབ་ཚུགས་ནི་དང་ རྒྱལ་ཁབ་ཀྱི་ས་ཆ་ དོ་འགྲན་ཅན་སྦེ་ཡོད་མི་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ ཡོངས་འབྲེལ་ངེས་གཏན་མེད་པའི་ དཀའ་ངལ་ཚུ་ བསལ་ནི་ལུ་ ལྷན་གྲོགས་འབད་ཚུགས་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།