༉ གཞུང་གིས་ སྐྱིན་ཚབ་བཏབ་ནིའི་ དུས་ཡུན་ཕར་འགྱངས་ ཐག་གཅད་ནི་དེ་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ དབང་ཚད་བྱིན་པའི་ཤུལ་ལས་ སྒེར་སྡེའི་ཚོང་འབྲེལ་ངོ་ཚབ་ཚུ་གིས་ རང་དབང་ཅན་གྱི་ཚོགས་ཆུང་ལུ་ སྐྱིན་འགྲུལ་ཕར་འགྱངས་དེ་ ག་གིས་འཐོབ་ནི་ཨིན་ནའི་ དབྱེ་ཞིབ་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་གཙོ་འཛིན་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ རང་དབང་ཅན་གྱི་ཚོགས་ཆུང་གིས་ སྐྱིན་ཚབ་བཏབ་ནིའི་ ཕར་འགྱངས་གནས་ཚད་ཅན་གྱི་ ལག་ལེན་བྱ་སྒོ་ཅིག་ བཟོ་དགོཔ་འདུག་ཟེར་ཨིན་པས།
དེ་ཡང་ སྐྱིན་འགྲུལ་ཕར་འགྱངས་ཀྱི་ འགན་འཁྲི་དེ་ གཞུང་ལས་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ བྱིན་མི་ལུ་ གཞི་བཞག་སྟེ་ཨིནམ་ད་ སྐྱིན་འགྲུལ་ལེན་མི་མང་ཤོས་ཅིག་གིས་ ཕར་འགྱངས་འབད་ནི་གི་ ཁྱད་ཆོས་མི་ཚང་ནི་ཨིན་པས།
སྐྱིན་ཚབ་ཕར་འགྱངས་ཀྱི་ དངུལ་འབྲེལ་ཐབས་ལམ་༤ པ་ཚུན་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ སྒེར་སྡེ་ཚུ་ལས་ གྲོས་བསྟུན་ཐོག་ལས་ དངུལ་རྩིས་ལྷན་ཁག་གིས་ འགོ་ཁྲིད་འབད་ཡོདཔ་ཨིན་པས།
སྒེར་སྡེ་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ དེ་ལས་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་འབད་དེ་ སྐྱིན་ཚབ་བཏབ་ནི་ ཕར་འགྱངས་དེ་ གཞུང་གིས་ར་ འགོ་ཁྲིདཔ་འབད་དགོཔ་འདུག་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ སྐྱིན་ཚབ་བཏབ་ནིའི་ ཕར་འགྱངས་ཀྱི་དབང་ཚད་དེ་ ཧྲིལ་བུམ་སྦེ་ དངུལ་འབྲེལ་གཙུག་སྡེ་ཚུ་བྱིན་པ་ཅིན་ སྐྱིན་འགྲུལ་ལེན་མི་གི་ མཐའ་དོན་ཚུ་ མི་བཏབ་ནི་ཨིནམ་ད་ དངུལ་ཁང་ཚུ་གིས་ འདས་པའི་ལོ་༡༠-༡༥ ནང་འཁོད་ལུ་ སྐྱིན་འགྲུལ་གྱི་སྐྱེད་ མཐོ་དྲགས་བཟོ་སྟེ་ ཁེ་སང་བཟོ་སྟེ་ ཡོད་ཟེར་ཨིན་པས།
འབྲུག་གི་དངུལ་འབྲེལ་ཚོགས་སྡེ་གིས་ སྐྱིན་འགྲུལ་ལེན་མི་ཚུ་གིས་ སྐྱིན་ཚབ་བཏབ་ནིའི་ དུས་ཡུན་ཕར་འགྱངས་འབད་ནི་གི་ དང་འདོད་ཡོད་མི་ཚུ་གིས་ སྐྱིན་ཚབ་བཏབ་ནི་ ཕར་འགྱངས་ཀྱི་ དྲི་ཤོག་ཕོརམ་བཀང་སྟེ་ དུས་ཅི་ སྤྱི་ཟལ་༦ པའི་ཚེས་༣༠ ནང་འཁོད་ལུ་ བྱིན་དགོ་པའི་ གསལ་བསྒྲགས་འབད་དེ་འདུག།
ད་རེས་ སྐྱིན་ཚབ་བཏབ་ནི་ དུས་ཡུན་དེ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༣༠ ཚུན་ ཕར་འགྱངས་འབད་ཡོདཔ་ཨིན་པས།
དངུལ་འབྲེལ་གཙུག་སྡེ་གིས་ སྐྱིན་ཚབ་བཏབ་ནིའི་ དུས་ཚོད་ཕར་འགྱངས་ཞུ་འབད་མི་ འོས་འབབ་ཀྱི་ དབྱེ་ཞིབ་འབད་མི་དང་འཁྲིལ་ཏེ་ སྐྱིན་འགྲུལ་ལེན་མི་ཚུ་ལུ་ སྙན་ཞུ་འབད་ནི་ཨིནམ་ད་ དུས་ཡུན་ཕར་འགྱངས་ཀྱི་ འབྲི་ཤོག་མ་བཀང་མི་ཚུ་ལུ་ འཐོབ་ནི་ཨིན་པས།
ཨིན་རུང་ སྡོད་ཁྱིམ་དང་འབྲེལ་བའི་ སྐྱིན་འགྲུལ་ཚུ་གིས་ ཕར་འགྱངས་མི་འཐོབ་ནི་ཨིན་པས།
དངུལ་ཁང་གི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ དངུལ་ཁང་གཙུག་སྡེ་ཚུ་གིས་ སྐྱིན་འགྲུལ་ལེན་མི་ཚུ་གིས་ དངུལ་ཁང་གཙུག་སྡེ་ཚུ་ལུ་ སྐྱིན་ཚབ་བཏབ་ནིའི་ དཀའ་ངལ་བྱུང་མི་དང་འཁྲིལ་ཏེ་ ཕར་འགྱངས་ཟླཝ་༦ ལས་ ལོ་༡ གི་ཚུན་ ཐོབ་ཚུགས་ནི་ཨིན་པས།
ཨིན་རུང་ ཕར་འགྱངས་དེ་ཡང་ གནད་དོན་ཚུ་བལྟ་སྟེ་ དངུལ་འབྲེལ་གཙུག་སྡེའི་དང་འཁྲིལ་ཏེ་ འགྱོ་ནི་ཨིན་པས།
དངུལ་ཁང་ནང་ ལཱ་འབད་མི་ཚུ་གིས་ བཤདམིའི་ནང་ དབྱེ་ཞིབ་དེ་ དམ་དམ་སྦེ་ར་འབད་ནི་ཨིནམ་ད་ སྐྱིན་འགྲུལ་ལེན་མི་གི་ འོང་འབབ་དང་ ཟ་ཁང་ནང་སྡོད་མི་གི་གནས་ཚད་ དེ་ལས་ སྤྱིར་བཏང་ ཚོང་འབྲེལ་གྱི་ ལས་དོན་ཚུ་ལུ་ ངོས་ལེན་འབད་འོང་ཟེར་ཨིན་པས།
འོང་འབབ་མར་བབས་སོང་བའི་ སྐྱིན་འགྲུལ་ལེན་མི་ཚུ་གིས་ སྐྱིན་ཚབ་བཏབ་ནི་ དུས་ཡུན་ཟླཝ་༦ ལས་ ལོ་༡ གི་ ཕར་འགྱངས་ཀྱི་དོན་ལུ་ ཞུ་བ་འབད་དགོཔ་ཨིན་པས།
དམིགས་བསལ་དུ་ མི་ཚད་གཅིག་དང་ ཡང་ཅིན་ བརྒྱ་ཆ་༣༥ ལས་བརྒལ་ འོང་ནི་མེད་མི་དང་ དེ་གི་འོག་རྒྱུ་ཡོད་མི་ ཟ་ཁང་ཚུ་གིས་ སྐྱིན་ཚབ་བཏབ་ནི་ དུས་ཡུན་ཕར་འགྱངས་ ངོས་ལེན་འབད་ནི་ བཟུམ་ཅིག་ཡོདཔ་ཨིན་པས།
རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ འདས་པའི་ལོ་༣ དེ་ཅིག་ ཚོང་འབྲེལ་ལུ་ ཐོ་ཕོག་ཡོདཔ་ལས་ ལོ་༡ དེ་ཅིག་ ཕར་འགྱངས་འབད་གནང་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
ཚོང་འབྲེལ་རྐྱངམ་གཅིག་ལུ་ འོང་འབབ་བཟོ་མི་གིས་ སྐྱིན་འགྲུལ་ཕར་འགྱངས་གནས་སྡུད་ དབྱེ་ཞིབ་འབད་ནིའི་ དཀའ་ངལ་ཡོདཔ་ད་ ཚོང་འབྲེལ་ལོག་ཡར་དྲག་དང་ གྱོང་རྒུད་ ཡང་ཅིན་ ལས་གཡོགཔ་ཚུ་ ག་དེམ་ཅིག་གིས་ བཏོན་མ་གཏང་པར་བཞག་མི་གི་ གནས་སྡུད་ཚུ་ བལྟ་དགོཔ་འདུག་ཟེར་ རྟ་མགྲིན་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ འདས་པའི་ཚོང་འབྲེལ་གྱི་ འོང་འབབ་ཚུ་ཡང་ དབྱེ་ཞིབ་འབད་ནིའི་ རེ་བ་ཡོདཔ་ད་ ཨིན་རུང་ གཞུང་གིས་ དཔལ་འབྱོར་ལྷན་ཐབས་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༡༥ དང་ ལོ་བསྟར་ལྟ་བཤལཔ་༣༠༠,༠༠༠ འཁྱིད་འོང་ནི་ དེ་ལས་ འཆར་གཞི་༡༣ པ་གིས་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ རེ་བ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༡ ལུ་ རྫོང་ཁག་༡༠ གྱི་ མི་སྡེ་ཚོང་འབྲེལ་གྱི་ཁ་ཐུག་ལས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ བློན་ཆེན་ལུ་ དངུལ་འབྲེལ་ཐབས་ལམ་༤ པ་དེ་ ཟླཝ་འདི་ནང་ མཇུག་བསྡུ་ནི་ཨིནམ་ལས་ གཞུང་གིས་ བར་འཛུལ་འབད་དགོ་པའི་ ཞུ་ཡིག་ཕུལ་ཡོདཔ་ཨིན་པས།
ཡི་གུ་དང་འཁྲིལ་བ་ཅིན་ དཔལ་འབྱོར་དང་འབྲེལ་བའི་ སྟབས་མ་བདེཝ་ཚུ་ འཕྲོ་མཐུད་དེ་ར་ བྱུང་དོ་ཡོདཔ་ལས་ མི་སྡེ་ཚོང་འབྲེལ་ མང་ཤོས་ཅིག་གིས་ སྐྱིན་ཚབ་བཏབ་མ་ཚུགས་པའི་ དཀའ་ངལ་དང་གདོང་ལེན་ཚུ་ བསྐྱེད་དེ་ཡོདཔ་ཨིན་པས།
ཚོང་འབྲེལ་ཡར་དྲག་གཏང་ནིའི་ཐད་ཁར་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ སྐྱིན་ཚབ་ཕར་འགྱངས་ཀྱིས་ འབྲུག་པའི་ ནང་བཟོ་དང་བཟོ་གྲྭ་ཆུང་བ་དང་ ཚོང་འབྲེལ་བར་མ་ དེ་ལས་ མ་རྩ་རྩ་སྟོང་དང་ སྐྱིན་ཚབ་བཏབ་མ་ཚུགས་པའི་ཉེན་ཁ་ཚུ་ མར་ཕབ་འབད་ནི་ལུ་གལ་ཆེ་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།