༉ ཆུ་ཤོག་གི་ ཕྱགས་སྙིགས་འཛིན་སྐྱོང་བརྗོད་དོན་ཐོག་ལུ་ ལས་སྡེ་༢༢ ཀྱིས་ དོ་འགྲན་འབད་བའི་སྐབས་ལུ་ རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭ་གིས་ ཨང་དང་པ་ ཐོན་ཡོདཔ་ཨིན་པས།
དེ་ཡང་ འབྲུག་གི་ ཕྱགས་སྙིགས་འཛིན་སྐྱོང་ཁྱད་རིག་ནང་ ཚོང་ཁང་༡༤ གིས་ ཉིནམ་གཉིས་ཀྱི་ འགྲེམས་སྟོན་ལས་རིམ་འགོ་འདྲེན་འཐབ་མིའི་ནང་ལས་ འབྲུག་སྐྱེ་ལྡན་ལས་ཚོགས་དེ་ ཆུ་ཤོག་གི་ ཕྱགས་སྙིགས་བསྡུ་བསྒྱོམ་ནུས་ལྡན་ཅན་གྱི་ མཉམ་འབྲེལ་བ་ སྐྱེ་ལྡན་ལས་ཚོགས་ཀྱི་ ཆ་ཤས་སྦེ་ཡོདཔ་ཨིན་པས།
དུས་སྟོན་དེ་གི་ དམིགས་ཡུལ་གཙོ་བོ་དེ་ གཙང་ཆུའི་མཐའ་མ་ལས་ཕར་ གཙང་སྦྲ་དང་ ཆུ་ཤོག་ཕྱགས་སྙིགས་འཛིན་སྐྱོང་གི་ ཕན་ནུས་ཅན་གྱི་ བདེ་སྒྲིག་ཅིག་སྦེ་ ཡོདཔ་ཨིན་པས།
རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭའི་ སྡེ་ཚན་གྱི་འཐུས་མི་ དབང་འདུས་རིག་གསལ་གྱིས་ བཤད་མིའི་ནང་ སྡེ་ཚན་དེ་གིས་ ད་ལས་ཕར་ མཐོ་རིམ་སློབ་གྲྭའི་སློབ་ཕྲུག་དང་ ས་གནས་ཀྱི་མི་སྡེ་ ཉེ་འདབས་ལུ་ཡོད་པའི་ ཨ་ནེམོ་ཚུ་དང་ མཉམ་འབྲེལ་ཐོག་ལས་ མཐོ་རིམ་སློབ་གྲྭའི་ ས་གནས་མཐའ་འཁོར་དང་ ཆུ་ཤོག་བསྐྱར་བཟོ་འབད་ནིའི་དོན་ལུ་ ལཱ་ཚུ་འབད་ནི་ཨིན་ཟེར་ཨིནམ་ད་ ཆུ་ཤོག་ལག་ལེན་འཐབ་མིའི་གྱངས་ཁ་དེ་ མཐོ་རིམ་སློབ་གྲྭའི་ཉེ་འདབས་ལས་ཕར་ མང་སུ་ཐོན་དོ་ཡོདཔ་བཞིན་དུ་ དེ་གིས་ མཐའ་འཁོར་གནས་སྟངས་དང་ མིའི་ཚེ་སྲོག་ལུ་ཡང་ ཉེན་ཁ་ཚུ་ སྦོམ་སྦེ་ར་ འཐོན་སྲིད་ནི་མས་ཟེར་ཨིན་པས།
སྡེ་ཚན་ལས་འགུལ་འཆར་གཞི་དེ་ ཆུ་ཤོག་གི་རིགས་ཚུ་ ལོག་བསྐྱར་བཟོ་འབད་ནི་དང་ བསྐྱར་བཅོས་འབད་ནི་ དེ་ལས་ ལེགས་བཅོས་ཚུ་ འབད་ནི་ཨིན་ཟེར་ཨིནམ་ད་ ཕྱགས་སྙིགས་བསྐྱར་གསོ་བྱ་རིམ་དང་འབྲེལ་ སློབ་ཕྲུག་དང་ སློབ་དཔོན་ མི་སྡེ་ཚུ་གིས་ ཕྱགས་སྙིགས་ཚུ་ བསྡུ་ལེན་འབད་ཞིནམ་ལས་ ས་ཁོངས་ཚུ་ནང་ བསྐྱལ་ནི་དང་ ཕྱགས་སྙིགས་ཚུ་ ཕྱགས་སྙིགས་འཛིན་སྐྱོང་ལས་སྡེ་ཚུ་ནང་ བཙོང་ནི་ཨིན་ཟེར་ཨིན་པས།
སྡེ་ཚན་གྱིས་ ས་གནས་ཀྱི་ལས་ཚོགས་ཁག་དང་ སྔོ་ལྗང་སྡེ་ཚན་ ཀི་ལིན་བྷུ་ཊན་ ཊིམ་ཅེནཇི་ འབྲུག་ཕྱགས་སྙིགས་ཉོག་སེལ་ཚུ་དང་ མཉམ་འབྲེལ་འབད་ཐོག་ལས་ ཡར་དྲག་གཏང་ནི་ཨིན་ཟེར་ཨིན་པས།
སློབ་གྲྭ་གིས་ གསོལ་རས་དངུལ་ཀྲམ་༡༥,༠༠༠ ཐོབ་མི་དེ་ ལས་འགུལ་གོང་འཕེལ་གཏང་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ཟེར་ཨིནམ་ད་ ཐབས་བྱུས་དེ་ ཡུན་བརྟན་ཅན་ཨིན་མི་དེ་ཡང་ མཐོ་རིམ་སློབ་གྲྭ་ནང་ སྡེ་ཚན་གྱི་ལཱ་འབད་ནི་དང་ གཞན་ཡང་ གྲོགས་རམ་གྱི་ལཱ་ཚུ་ འབད་ནི་ཨིན་ཟེར་ དབང་འདུས་རིག་གསལ་གྱིས་ བཤདཔ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཕྱགས་སྙིགས་འཛིན་སྐྱོང་ཐབས་བྱུས་དེ་ སློབ་གྲྭ་དང་ རྒྱལ་ཡོངས་ཀྱི་མི་སྡེ་ མི་སྡེའི་ནང་ གྲལ་གཏོགས་འབད་བཅུག་ནི་དང་ མཉམ་འབྲེལ་འབད་ནི་ དེ་ལས་ གཞི་རྟེན་མཐུན་རྐྱེན་ཡར་དྲག་བཏང་ནི་ཚུ་ འབད་ནི་ཨིན་ཟེར་ཨིན་པས།
ཨང་གཉིས་པ་དེ་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མ་གིས་ ཐོབ་ཡོདཔ་ད་ སློབ་གྲྭ་གིས་ ཨང་གཉིས་པའི་གསོལ་རས་ དངུལ་ཀྲམ་༡༠,༠༠༠ ཐོབ་ཡོདཔ་ཨིན་པས།
དེ་ལས་ ཨང་གསུམ་པ་དེ་ དབང་གསལ་སྤེལ་ཁང་གིས་ ཐོབ་ཡོདཔ་ལས་ སྤེལ་ཁང་ལུ་ གསོལ་རས་དངུལ་ཀྲམ་༥,༠༠༠ ཐོབ་ཡོདཔ་ཨིན་པས།
དུས་སྟོན་དེ་ཁར་ རྒྱལ་ཁབ་ནང་འཁོད་ལས་ བཅའ་མར་གཏོགས་མི་༦༢༠ ཡོདཔ་ད་ དེ་ཡང་ སློབ་གྲྭའི་སློབ་ཕྲུག་དང་ མཐོ་རིམ་སློབ་ཕྲུག་ སློབ་དཔོན་ གཞུང་ གཞུང་མིན་ལས་སྡེ་ ཕྱགས་སྙིགས་འཛིན་སྐྱོང་ལས་སྡེ་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement